20
Thu, Jun
19 New Articles

འདི་ངའི་དཔེ་ཀློག་དང་འབྲེལ་བའི་ལྟ་ཚུལ་ཙམ་ཞིག

སྐད་དང་ཡི་གེ
Typography

སྤྱིར་ད་ལྟའི་དུས་རབས་ནི་དཔེ་ཀློག་གིས་མི་བུ་སྐྱོང་བའི་དུས་རབས་ཤིག་དང་དཔེ་ཀློག་གི་དགེ་མཚན་མཐོང་བའི་དུས་ཚིགས་ཤིག་ཡིན་པས་རྒྱལ་ཁབ་དང་མི་རིགས་འདྲ་མིན་ཞིག་ཏུ་དཔེ་ཀློག་དང་འབྲེལ་བའི་ལས་འགུལ་སྣ་ཚོགས་སྤེལ་དང་སྤེལ་གྱིན་ཡོད་པ་དང་། ཚོགས་པ་དང་མི་སྒེར་སོ་སོས་ཀྱང་ལོ་རེར་དཔེ་ཀློག་བྱས་པའི་ཟུར་བྲིས་དང་གྲངས་ཐོ། བློ་བསྐྱེད་སོགས་ཀྱང་རྩོམ་ཡིག་སོགས་ཀྱི་ལམ་ནས་འོས་སྦྱོར་བྱེད་ཀྱི་ཡོད་པ་མ་ཚད། འཛམ་གླིང་གི”རྒྱལ་སྤྱིའི་དཔེ་ཀློག་ཉིན་མོ་“ཞེས་པའི་དུས་ཚོད་ཅིག་ཀྱང་སྲུང་བརྩི་ཞུ་ཡི་ཡོད་པས་འདི་ནི་ཅི་འདྲའི་འཚོ་བ་དངོས་ལ་ཕན་པའི་རླབས་ཆེན་གྱི་མཛད་བཟང་ཞིག་རེད་ཨང་།

སྟོང་ལོ་གསར་པའི་ཉི་གཞོན་དེ་ཤར་ཕྱོགས་ཀྱི་མཚམས་སྤྲིན་དབྱིངས་ནས་དལ་གྱིས་ཤར་བ་ན་རྒྱ་གར་ལྷོ་ཕྱོགས་དབེན་ཁྲོད་དུ་གནས་པའི་བདག་གིས་ཀྱང་རང་གི་འཚོ་བ་དང་ཕུགས་བསམ་སོགས་ཀྱི་ཆེད་དུ་ཕྱི་ལོ་གསར་པའི་ནང་དུ་མུ་མཐུད་བོད་གཞིས་བྱེས་གཉིས་ཀའི་རྩོམ་པ་པོ་གང་མང་ཞིག་གིས་བརྩམས་པའི་དཔེ་དེབ་འགའ་མ་བསྐུལ་རང་མོས་ཀྱི་མ་ཀློག་ཀ་མེད་བྱུང་བས་རྒྱུན་ལྡན་གྱི་གུང་སེང་དང་དམིགས་བསལ་གྱི་བར་སེང་། ཡུན་ཐུང་གི་དུས་ཚོད་སྟོང་པ་སོགས་བེད་སྤྱད་ནས་ཕྱི་ལོ་གསར་པའི་ཟླ་བ་ལྔ་ཡི་རིང་དུ་དཔེ་དེབ་བཅུ་གསུམ་ཙམ་བཀླགས་ཐུབ་པ་བྱུང་བས་ངས་ཀྱང་འདིར་ནས་དཔེ་ཀློག་དང་འབྲེལ་བའི་རྩོམ་ཡིག་ཅིག་འབྲི་བར་འདོད་བྱུང་།

ཁྱེད་ཀྱིས་དུས་རྒྱུན་སློབ་སྦྱོང་ཞིག་བྱེད་སྐབས་ཚོགས་པ་ཞིག་གི་སྒྲིག་འཛུགས་ཤིག་གམ། དགེ་རྒན་རྣམས་ཀྱིས་སྟངས་འཛིན། སྤུན་མཆེད་སོགས་ཀྱིས་ལྟ་རྟོག་སོགས་ཀྱི་འོག་ཏུ་བྱེད་ཀྱི་ཡོད་དམ། ཡང་ན་རང་གིས་སློབ་སྦྱོང་གི་དགེ་མཚན་དང་སློབ་སྦྱོང་བྱེད་པའི་དགོས་པ་སོགས་ཤེས་ནས་རང་མོས་ཀྱིས་སློབ་ལ་འབད་ཀྱི་ཡོད། དེ་མིན་རྒྱུགས་སྤྲོད་དང་འགྲན་བསྡུར་ཞིག་གི་ཆེད་དུ་སྦྱོང་གི་ཡོད། གཅིག་བྱས་ན་ལམ་ལུགས་ཤིག་གི་ཐོག་ནས་བརྩོན་གྱི་ཡོད་སྲིད། གང་ལྟར་ང་ཚོས་སློབ་སྦྱོང་གི་ཐོག་ནས་གྲུབ་འབྲས་ལེགས་པོ་ཞིག་ལེན་པ་འདོད་ཚེ་དཔེ་ཀློག་ནི་ང་ཚོའི་འཚོ་བའི་ནང་དུ་ནམ་ཡང་ཁ་བྲལ་ཐབས་མེད་པ་ཞིག་ཏུ་གྱུར་ཡོད།

དཔེ་ཀློག་བྱས་པ་ལ་བརྟེན་ནས་ལོ་རྒྱུས་མཁན་པོ་རྣམས་དང་གནའ་བོ་ཤེས་རིག་དང་བྱུང་བ། ཡུལ་དངོས་སོགས་དང་བགྲོ་གླེང་བྱེད་ཆོག་ལ། གཞུང་ལུགས་སྨྲ་བ་རྣམས་དང་གཞུང་གི་སྟོན་སྟངས་དང་དོན་གྱི་གོ་བ། ཚིག་གི་འཛིན་མཚམས་སོགས་དང་དཔྱད་བསྡུར་བྱེད་ཆོག དེ་བཞིན་སྙན་ངག་པ་མཉམ་དུ་སྒྱུ་རྩལ་གྱི་ཞིང་ཁམས་སུ་བསྐྱོད་ནས་སུ་དང་གང་གིས་ཀྱང་མྱོང་དཀའ་བའི་ཚོར་བ་མྱོང་ཆོག བསམ་བློ་བ་རྣམས་དང་བྱ་དངོས་གང་ལའང་ལྟ་ཚུལ་གྱི་བརྗེ་རེ་བྱེད་ཆོག འདི་ལྟར་ང་ཚོས་དཔེ་ཀློག་གི་ལམ་བུའི་ཐོག་ནས་བདག་ཉིད་ཀྱི་བསམ་བློ་དང་ལྟ་བ་སོགས་ལ་ཆུ་ཚད་ཀྱི་ཡར་བསྐྱེད་གཏོང་ཆོག གུ་དོག་པོའི་འདོད་ཚུལ་རྣམས་ཀྱང་སེལ་བ་བྱེད་ཆོག་གོ

གཅིག་བྱས་ན་ཁྱེད་ནི་མི་འགའ་ཡི་མིག་ནང་དུ་ཧ་ཅང་སློབ་སྦྱོང་ལེགས་པོ་ཞིག་ཡིན་སྲིད་ལ། ཡང་མི་ལ་ལའི་མཐོང་ཚུལ་ལ་ཁྱེད་ནི་སློབ་སྦྱོང་བྱེད་མཁན་ཙམ་ལས་སློབ་སྦྱོང་ཅན་ཞིག་འདོད་ཡོད་མི་སྲིད། དེ་བཞིན་མི་ཉམ་ཆུང་དང་ཡག་པོ་སོགས་བསམ་མཁན་ཡང་ཡོད་ཅིང་། མཁྲེགས་ཏོ་དང་ངན་པ་སོགས་ཀྱང་འཛིན་མཁན་གཏན་གཏན་ཡོད་སྲིད། འདི་ལྟར་མི་གཞན་གྱི་མིག་ནང་དུ་རང་ཉིད་ཀྱི་སྣང་བརྙན་ཇི་འདྲ་ཞིག་ཤར་ཡང་། རང་ཉིད་རང་ཉིད་ལ་རྒྱུས་ལེན་ཟབ་མོ་ཞིག་དགོས་པ་ནི་གལ་ཆེན་ནང་གི་དོན་ཆེན་ཞིག་སྟེ། དེ་ནི་རང་ཉིད་ཀྱི་འབྱུང་འགྱུར་གྱི་ཕུབས་བསམ་དང་ཧ་ཅང་འབྲེལ་བས་རེད། དེ་ལྟར་ཡོང་བ་ལ་སྒེར་ཚུགས་ཀྱི་བསམ་གཞིག་དང་འགྲོགས་པའི་དཔེ་ཀློག་ནི་མེད་ཐབས་མེད་པ་ཞིག་རེདདཔེར་ན། ང་ཚོའི་རིགས་གཞུང་ནི་འཛམ་གླིང་གི་གཙུག་རྒྱན་དང་ང་ཚོའི་མི་རིགས་ནི་ཕུལ་བྱུང་གི་མི་རིགས་ཞེས་་ཡང་ཡང་བརྗོད་པ་དང་།རང་ཉིད་ནི་མི་རིགས་དེར་སྐྱེས་ཤིང་རིག་གཞུང་དེ་སྦྱོང་མཁན་གྱི་སློབ་མ་འདོད་དེ་རང་ཉིད་ཀྱི་སློབ་སྦྱོང་བྱེད་ཚུལ་ནི་ཕུལ་དང་རབ་སོགས་འཛིན་པ་དང་གཞན་གྱི་གྲུབ་འབྲས་སོགས་ཇི་ལྟར་བྱུང་ཡང་། ཅི་མི་སྙམ་པར་མཐོང་ཆུང་དང་ཟུར་ཟ་སོགས་ཀྱིས་རྒོལ་མི་སྲིད་པའི་ངེས་པར་ལར་ནས་མེད་པས། དུས་སྐབས་དེར་རང་ཉིད་ཀྱིས་ཉིན་གཅིག་གི་འཚོ་བ་རོལ་སྟངས་དང་སློབ་སྦྱོང་བྱེད་ཚུལ། རང་བརྒྱུད་ཀྱི་ཤེས་ཡོན་དེའི་ཆུ་ཚད་ཇི་ཙམ་ཡོད་མེད་དང་དེས་གཞན་ལ་ཕན་ཐུབ་མིན། ཐ་ན་རང་ཉིད་ཀྱི་འཚོ་བ་དངོས་ལའང་ཕན་མིན་སོགས་ཡོངས་ཁྱབ་རིན་ཐང་གི་ངོས་ནས་བསམ་གཞིག་བྱེད་ཚེ་དཔེ་ཀློག་ནི་ཆེས་གལ་འགངས་ཅན་ཞིག་ཏུ་གྱུར་ཡོད།

ངས་བལྟས་ན་ཡོངས་ཁྱབ་རིན་ཐང་གི་ལྟ་བ་ལེགས་པོར་གོམས་པ་ལ་བསམ་གཞིག་གི་རྨང་གཞི་བརྟན་དགོས་པ་དང་། བསམ་གཞིག་གི་རྨང་གཞི་དེ་ཡང་དཔེ་ཀློག་གི་རྒྱབ་ལྗོངས་དང་དངོས་སུ་འབྲེལ་ཆེ་བ་མ་ཚད། མི་མང་པོས་དུས་ཚོད་འཕྲོག་བརླག་ཏུ་འདོད་པའི་དཔེ་དེབ་གཅིག་གི་ནང་དུའང་རྩོམ་པ་པོ་རེ་རེའི་ཤེས་རབ་ཀྱི་སྙིང་བཅུད་ཡོད་པས་ང་ཚོས་སོ་སོའི་དུས་ཚོད་དང་བསྟུན་ནས་མྱོང་རོལ་གནང་དགོས་ལ། དཔེ་ཀློག་དང་འབྲེལ་བའི་བྱ་དངོས་གང་ལའང་རང་ཉིད་ཀྱི་འཚོ་བ་དངོས་ཀྱི་ནང་དུ་གོམས་པར་བྱས་ནས་ཆེས་མ་དག་རྒྱུན་འབྱམས་སུ་ཕྱིན་པའི་རྗེས་ལུས་ཀྱི་ལྟ་བ་དང་དགོས་མེད་ཀྱི་བྱ་འགུལ། དོན་མེད་ཀྱི་ལུགས་སྲོལ་སོགས་དོར་ནས་འཚོ་བ་དངོས་ལ་ཕན་པའི་དཔེ་ཀློག་ལ་གོམས་པར་བྱེད་དགོས།

ཁྱད་པར་ད་ལྟ་ང་ཚོ་བཙན་བྱོལ་བ་ཞིག་ཡིན་པས་བཙན་བྱོལ་བའི་སྤྱི་ཚོགས་ཀྱི་ཀློང་ནས་ཅིས་ཀྱང་རྒྱུན་འཛིན་གནང་དགོས་པ་ནི་མཁས་དབང་ཀུན་གྱིས་ཁ་གཅིག་གྲགས་ཀྱིས་”མི་རིགས་ཀྱི་སྲོག་རྩ་“ཞེས་བརྗོད་པའི་རང་རེའི་སྐད་ཡིན་རིན་པོ་ཆེ་དེ་རེད། སྐད་ཡིག་དེ་རྒྱུན་འཛིན་དང་དར་སྤེལ་ཡོང་བ་ལ་སྐད་ཡིག་དེ་དང་འབྲེལ་བའི་དཔེ་ཀློག་ངེས་པར་དུ་བྱེད་དགོས་པས། ང་ཚོས་དེའི་ཐོག་ནས་ཉམ་ཆུང་མདོག་དང་མི་ཡག་མདོག་གིས་ཅི་མི་སྙམ་པར་བཞུགས་པ་དང་། ཆེས་ཁེངས་སྐྱུང་གི་རྟུལ་ཞུགས་བཟུང་ཚུལ་གྱིས་དེ་དོ་སྣང་དང་དར་སྤེལ་མི་གཏོང་བ་ནི་བོད་བརྒྱུད་ནང་བསྟན་གྱི་རྩ་བ་སྐད་ཡིག་གང་ལ་ཐུག་ཡོད་མེད་དང་། རང་མི་རིགས་ཀྱི་སྲོག་རྩ་གང་ཡིན་མི་ཤེས་པའི་རྟགགས་ཡིན་པས་དེས་རང་ཉིད་ཀྱི་དེ་ཉིད་སྐྱོ་པོ་དེ་བསྟན་པ་ལས་གཞན་ཅི་ཡང་མིན། དེས་ན་ང་ཚོས་དོགས་པ་དང་ཐེ་ཚོམ་ཙམ་ཡང་མི་བྱེད་པར་རང་མི་རིགས་ཀྱི་སྐད་ཡིག་དང་འབྲེལ་བའི་དཔེ་ཀློག་ལ་གོམས་པར་བྱ།

དེ་བཞིན་དུ་ང་ཚོས་རྒྱུགས་སྤྲོད་ཀྱི་ལུང་ཁུག་གཅིག་པོ་ཞིག་ཏུ་མི་བསྡད་པར་མཐོ་ཞིང་བརྗིད་བའི་རི་བོའི་སྟེང་ནས་སྟོབས་འབྱོར་ཅན་གྱི་རྒྱལ་ཁབ་དེ་དག་གི་མདུན་བསྐྱོད་ལ་གཅིག་གཟིགས་དང་། ཁོང་ཚོ་ཕྱིན་པའི་ལམ་བུ་དེར་སྤྱི་སྙོམས་རིས་མེད་ཀྱི་དཔེ་ཀློག་གིས་ཁེངས་ཡོད། ང་ཚོས་ཟེར་སྒྲོས་དང་ལུགས་སྲོལ་ཙམ་གྱིས་ཐག་པས་མ་བཅིངས་པར་ཆེས་རང་དབང་གི་བསམ་གཞིག་དང་འགྲོགས་ནས་རང་རེའི་མེས་པོ་རྣམས་ཀྱི་རླབས་ཆེན་གྱི་མཛད་རྒྱས་ཁག་ལ་ཞིབ་འཇུག་ཅིག་བྱོས་དང་། ཁོང་ཚོས་སྐུ་ཚེ་ཧྲིལ་པོར་དཔེ་ཀློག་གིས་བསྐྱངས་ཡོད། དཔེ་ཀློག་གི་ནུས་པ་ལ་ཚད་མེད་ཅིང་། དཔེ་ཀློག་གི་དགེ་མཚན་ལ་བསམ་མི་ཁྱབ། བསམ་གྱི་མི་ཁྱབ་པའི་དཔེ་ཀློག་འདི་ང་ཚོས་ཉམ་ང་བའི་མི་རིག་འདི་དང་རང་ཉིད་ཀྱི་ཆེད་དུ་མུ་མཐུད་དུ་འཛིན་ཅིང་སྤེལ།

འདི་ལྟར་ང་ཚོས་དཔེ་ཀློག་ལ་གོམས་པར་བྱས་ནས་མདུན་དུ་བསྐྱོད་དུས་བསམ་གཞིག་གི་འཚོ་བ་ཞིག་ཀྱང་ཡིན་གཅིག་གོམས་དགོས་ཏེ། བསམ་གཞིག་མེད་པའི་དཔེ་ཀློག་པ་ནི་དཔེ་དེབ་ཀྱི་བྲན་གཡོག་དང་ལྟོ་བཟས་ཀྱང་འཇུ་མི་ཐུབ་པ་དང་འདྲ་ཞེས་མཁས་དབང་དག་གིས་གསུངས་ཡོད་ལ། དོན་ལའང་དེ་ལྟར་ཡིན་ངེས་ཏེ། རང་ཉིད་ཀྱི་བསམ་གཞིག་མ་བཏང་ནས་གཞན་གྱི་དཔེ་དེབ་བཀླགས་པ་ནི་གཞན་གྱི་སློབ་སྦྱོང་བསྐྱར་པར་བྱས་པ་དང་ཁྱད་ཅི་ཡང་མེད་སྙམ། དེས་ན་དཔེ་ཀློག་དང་མཉམ་དུ་བསམ་གཞིག་ལའང་གོམས་པར་བྱ་ཞེས་བརྗོད་པ་ནི་ཞོར་དུའོ།

འདིར་ངས་དཔེ་དེབ་འགའ་བཀླགས་ནས་འོས་སྦྱོར་བྱས་པ་དང་དཔེ་ཀློག་དང་འབྲེལ་བའི་རྩོམ་ཡིག་བྲིས་པ། རང་གི་ལྟ་ཚུལ་ཙམ་བརྗོད་ཁུལ་བྱས་པ་སོགས་ནི་གཞན་ལ་ངོམ་པ་དང་ང་རྒྱལ་སོགས་གང་ཡང་མིན་ཏེ། དེ་ལྟར་བྱས་ཀྱང་གཞན་རྣམས་གད་མོ་ཤོར་བའི་རྒྱུ་ཙམ་ལས་ང་རྒྱལ་སོགས་དེ་འདྲའི་བྱེད་རིན་གང་ཡང་མེད། ཡིན་ན་ཡང་། རང་ཉིད་ཀྱིས་དཔེ་དེབ་མ་བཀླགས་པར་དཔེ་དེབ་ཀྱི་རིན་ཐང་གླེང་བའི་ཚུལ་དེ་རིང་དུ་དོར་ཞིང་རང་ཉིད་དང་ན་མཉམ་པ་རྣམས་ལ་ཏོག་ཙམ་ཕན་ཡོང་སྙམ་པ། རང་གི་དྲྭ་གྲོགས་རྣམས་ལ་དཔེ་དེབ་འགའ་འོས་སྦྱོར་བྱེད་བསམ་པ། ལྷག་པར་དུ་རང་ཉིད་ཀྱི་རྩོམ་ཡིག་ཡར་རྒྱས་དང་དཔེ་དེབ་འདི་རྣམས་བཀླགས་པའི་དྲན་རྟེན་གྱི་ཆེད་དུ་བྲིས་སོ།

03/06/2019 ཉིན།  སེ་ར་ཆོས་སྒར་དུ་བྲིས། །

གསལ་བསྒྲགས་ཀྱི་ས་མིག