ཕྱི་ལོ་༢༠༢༥ ཟླ་༢ ཚེས་༩ ཉིན། ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པའི་འགྲན་བསྡུར་གྱི་ཉིན་གཉིས་པ་སྟེང་། གངས་ཤུད་རི་འཛེག་གི་བུད་མེད་ཀྱི་ཐག་ཐུང་འགྲན་བསྡུར་ནང་བོད་རིགས་བུ་མོ་ལས་རྩལ་པ་ཚེ་བརྟན་གཡུ་སྒྲོན་ལགས་གྱིས་ཨང་དང་པོ་བླངས་ནས་གསེར་གྱི་རྟགས་མ་ཐོབ་ཡོད་འདུག གཞན་ཡང་གངས་ཤུད་རི་འཛེག་གི་བུད་མེད་ཀྱི་ཐག་ཐུང་འགྲན་བསྡུར་ནང་བོད་རིགས་བུ་མོ་ལུས་རྩལ་པ་བསོད་ནམས་ཆོས་སྒྲོན་གྱིས་ཟངས་ཀྱི་རྟགས་ མ་ཐོབ་ཡོད་འདུག
དེ་ཡང་། ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་དེ་རྒྱ་ནག་གི་ཞིང་ཆེན་ཧེ་ལོང་ཅམ་གྱི་གྲོང་ཁྱེར་ཧེར་པིན་དུ་འདིའི་ལོ་ཕྱི་ཟླ་༢ པའི་༣ ནས་ཚེས་༡༤ བར་འཚོགས་བཞིན་ཡོད་པ་དང་། ཨེ་ཤེ་ཡའི་རྒྱལ་ཁབ་ཉི་ཧོང་། རྒྱ་གར་དང་འབྲུག སོག་པོ། བལ་ཡུལ། ལྷོ་ཀོ་རི་ཡ། ཨབ་གྷ་ནི་སི་ཐན། ཁམ་བྷོ་ཌི་ཡ། ཨིན་རྡུ་ནི་ཤིས་ཡ། མ་ལ་ཤི་ཡ་སོགས་༣༤་འཛུལ་ཞུགས་བྱས་ཡོད་འདུག
ཟླ་འདིའི་ཚེས་༩ ཉིན། ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པའི་འགྲན་བསྡུར་གྱི་ཉིན་གཉིས་པའི་ནང་། གངས་ཤུད་རི་འཛེག་གི་བུད་མེད་ཀྱི་ཐག་ཐུང་འགྲན་བསྡུར་ནང་གངས་ཤུད་རི་འཛེག་གི་བུད་མེད་ཀྱི་ཐག་ཐུང་འགྲན་བསྡུར་ནང་བོད་ལྗོངས་ཀྱི་ལུས་རྩལ་པ་ཚེ་བརྟན་གཡུ་སྒྲོན་གྱིས་སྐར་མ་༢ དང་སྐར་ཆ་༥༥.༨༨ ཀྱི་གྲུབ་འབྲས་ཐོག་ནས་གསེར་གྱི་རྟགས་མ་བླངས་ཡོད་འདུག
ལུས་རྩལ་པ་ཚེ་བརྟན་གཡུ་སྒྲོན་ལགས་གྱིས་ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་ནང་ཞུགས་ཐེངས་དང་པོར་གསེར་གྱི་རྟགས་མ་ཐོབ་པར་ཧ་ཅང་དགའ་པོ་བྱུང་། གྲུབ་འབྲས་དེ་ནི་ཚང་མས་ཐུན་མོང་ཐོག་འབད་འཐབ་བྱས་པ་ལས་བྱུང་བ་ཞིག་རེད། དེ་རྗེས་ཀྱི་འགྲན་བསྡུར་ནང་ངས་མུ་མཐུད་འབད་བརྩོན་བྱེད་ཀྱི་ཡིན། ཞེས་བརྗོད་ཡོད་འདུག
ལུས་རྩལ་པ་བསོད་ནམས་ཆོས་སྒྲོན་ལགས་ཀྱིས་འགྲན་བསྡུར་ནང་ཞུགས་རྒྱུ་བྱུང་བ་ནི་གཟི་བརྗིད་ལྡན་པ་ཞིག་ཡིན་ལ། དེ་རིང་བྱ་དགའ་སྤྲོད་པའི་སྟེགས་བུའི་ཐོག་ལངས་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། རྩལ་ཁྲིད་པས་སེམས་ཤུགས་ཡོད་རྒུས་སློབ་སྟོན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། ནང་མིས་སེམས་ཁུར་དང་རྒྱབ་སྐྱོར་བྱས་པར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་བརྗོད་ཡོད་འདུག