25
མིག, གསུམ་པ།

Expired
རྒྱལ་སྤྱིའི་གསར་འགྱུར།
Typography
  • Smaller Small Medium Big Bigger
  • Default Helvetica Segoe Georgia Times

ཕྱི་ལོ་༢༠༢༥ ཟླ་བ་༢ ཚེས་༤ ཉིན། དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་ཡོད་པ་མ་ཟད། གྲོས་ཚོགས་འཐུས་མི་ཁི་རིས-ལོ་ལགས (Chris Law) ཚོགས་པའི་ཚོགས་གཙོར་འོས་འདེམས་བྱུང་ཡོད་འདུག ཁོང་གིས་དབྱིན་ཡུལ་གྱི་གྲོས་ཚོགས་སུ་བོད་དོན་དང་འབྲེལ་བའི་གནད་དོན་མང་པོ་ཞིག་གླེང་རྒྱུ་ཡིན་སྐོར་བརྗོད་འདུག

དེ་ཡང་། དབྱིན་ཡུལ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་ཀྱི་མཛད་སྒོར། སི་ཀོ་ཊི་ཞི་རྒྱལ་ཡོངས་ཚོགས་པ་ནས་གྲོས་ཚོགས་འཐུས་མི་ཁི་རིས-ལོ་ལགས (Chris Law) དང་། དབྱིན་ཡུལ་གྲོས་ཚོགས་གོང་མའི་འཐུས་མི་ཌེ་ཝིད-ཨལ་ཊོན་ (David Alton) ལགས། ངལ་རྩོལ་ཚོགས་པའི་གྲོས་ཚོགས་འཐུས་མི་ལུག-ཨེག་ཧར་སི་ཊི་ (Luke Akehurst) ལགས། ངལ་རྩོལ་ཚོགས་པའི་གྲོས་ཚོགས་འཐུས་མི་བི་ལེར-མེག་ཌོ་གྷལ་ (Blair McDougall) ལགས། ངལ་རྩོལ་ཚོགས་པའི་གྲོས་ཚོགས་འཐུས་མི་ཇེ་སི་ཁ-་མོར་ཌན་ (Jessica Morden) ལགས། གྲོས་ཚོགས་འཐུས་མི་སི་མུས-ལོ་གྷན་ (Seamus Logan) ལགས། རྙིང་ཞེན་ཚོགས་པའི་གྲོས་ཚོགས་འཐུས་མི་ཌེ་ནི-ཀུ་རུ་གྷར་ (Danny Kruger) ལགས་བཅས་ཕེབས་ཡོད་འདུག

དེ་བཞིན་དབྱིན་ཡུལ་སྐུ་ཚབ་དོན་གཅོད་ཚེ་རིང་དབྱངས་སྐྱིད་ལགས་དང་། དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་བོད་རང་དབང་ཚོགས་པ་དང་། དབྱིན་ཡུལ་བོད་རིགས་ཚོགས་པ། བོད་དོན་ལས་འགུལ་བསྟི་གནས་ཁང་། བཀྲ་ཤིས་ལྷུན་པོ་ཐེབས་རྩ་བཅས་ཀྱི་ཚོགས་གཙོ་དང་ལས་བྱེད་ཕེབས་ཡོད་འདུག

སྐབས་དེར། ཚོགས་མི་རྣམས་ཀྱིས་གྲོས་ཚོགས་འཐུས་མི་ཁི་རིས-ལོ་ལགས་དབྱིན་ཡུལ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོར་འོས་འདེམས་གནང་ཡོད་འདུག གྲོས་ཚོགས་འཐུས་མི་གཞན་རྣམས་ཀྱིས་ཀྱང་བོད་དོན་རྒྱབ་སྐྱོར་ཚོགས་པར་རྒྱབ་སྐྱོར་གནང་རྒྱུའི་ཁས་ལེན་གནང་འདུག དེ་ནས་གྲོས་ཚོགས་འཐུས་མི་ཁི་རིས-ལོ་ལགས་ཀྱིས་དབྱིན་ཡུལ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དངོས་སུ་དབུ་འབྱེད་གནང་ཡོད་འདུག

དེ་ནས་སྐུ་ཚབ་དོན་གཅོད་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་ཐོག་མར་གྲོས་ཚོགས་འཐུས་མི་ཁི་རིས-ལོ་ལགས་དང་། གྲོས་ཚོགས་འཐུས་མི་རྣམ་པས་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་བོད་དོན་རྒྱབ་སྐྱོར་ཚོགས་པ་འདི་བརྒྱུད་བོད་དོན་ཐོག་ཆབ་སྲིད་ཀྱི་མཐོང་རྒྱ་ཆེ་རུ་འགྲོ་རྒྱུའི་རེ་བ་ཡོད་ཅེས་དང་། དེ་བཞིན་བོད་ནང་ཉེ་ཆར་ས་ཡོམ་གྱི་གོད་ཆག་ཤུགས་ཆེ་བྱུང་སྟེ་མི་གྲངས་མང་པོ་འདས་གྲོངས་སུ་གྱུར་བ་དང་། ཁང་ཁྱིམ་དང་དགོན་སྡེ་མང་པོ་གཏོར་སྐྱོན་ཕོག་པའི་སྐོར་འགྲེལ་བརྗོད་གནང་འདུག

དེའི་རྗེས། བོད་རང་དབང་ཚོགས་པ་དང་། དབྱིན་ཡུལ་བོད་རིགས་ཚོགས་པ། བོད་དོན་ལས་འགུལ་བསྟི་གནས་ཁང་གི་སྐུ་ཚབ་བཅས་ནས། བོད་མཐོ་སྒང་གི་ཁོར་ཡུག་དང་། དབྱིན་ཡུལ་འགྲེམས་སྟོན་ཁང་ནས་བོད་ལ་ཡོངས་གྲགས་སུ་ (Tibet) ཞེས་པའི་ཐ་སྙད་འདིའི་ཚབ་ཏུ་ཤིས་ཙང་ (Xizang) ཟེར་བ་རྒྱ་ནག་གཞུང་གི་དྲིལ་བསྒྲགས་བྱས་པའི་མིང་བཀོལ་སྤྱོད་བྱས་པའི་སྐོར། རྒྱ་ནག་གཞུང་གིས་རིག་གཞུང་བཙན་བསྒྱུར་གྱི་སྲིད་བྱུས་འོག་བོད་ཕྲུག་རྣམས་བཙན་དབང་གིས་གཏན་འཇགས་སློབ་གྲྭ་ཁག་ཏུ་སློབ་འཇུག་བྱེད་བཞིན་པའི་སྐོར་གཏམ་བཤད་གནང་འདུག

ཐེངས་འདིའི་ཚོགས་འདུའི་ཐོག་འདི་ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་གོ་སྟོན་སྲུང་བརྩི་ཞུ་ཕྱོགས་དང་། ཕྱི་ཟླ་ ༠༥ ཚེས་ ༡༧ ཉིན་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ ༣༠ འཁོར་བའི་ཉིན་མོར་ལས་འགུལ་སྤེལ་ཕྱོགས། དེ་བཞིན་ཕྱི་ཟླ་ ༣ པའི་ནང་དབྱིན་ཡུལ་གྲོས་ཚོགས་སུ་བོད་ཀྱི་ལོ་གསར་སྲུང་བརྩི་ཞུ་ཕྱོགས་སོགས་ཀྱི་ཐད་བཀའ་བསྡུར་གནང་ཡོད་འདུག