ཕྱི་ལོ་༢༠༢༥ ཟླ་༡ ཚེས་༢༩ ཉིན། བྷེལ་ཇམ་གྱི་རྒྱལ་ས་སྦར་སིལ་དུ། ཡུ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་གནང་བའི་མཛད་སྒོ་ཞིག་ཚོགས་ཡོད་འདུག བོད་དོན་རྒྱབ་སྐྱོར་ཚོགས་པ་དེར་ཡུ་རོབ་གྲོས་ཚོགས་འཐུས་མི་ཉི་ཤུ་ལྷག་གིས་རྒྱབ་སྐྱོར་ཐོབ་ཡོད་པ་དང་། ཁོང་རྣམ་པས་མ་འོངས་པར་ཡུ་རོབ་གྲོས་ཚོགས་སུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་བབ་དང་བོད་དོན་ཐོག་གླེང་རྒྱུ་ཡིན་སྐོར་གསུངས་ཡོད་འདུག
དེ་ཡང་། གོང་ཚེས་ཉིན། བྷེལ་ཇམ (Belgium)གྱི་རྒྱལ་ས་སྦར་སིལ་དུ་ཡོད་པའི་ཡུ་རོབ་གྲོས་ཚོགས་ནང་དུ། ལི་ཐུ་ཝི་ནི་ཡ་ (Lithuania) ནས་ཡིན་པའི་ཡུ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཊེ་ནི་ཡ་སི་ཛ་ལི་མཱ་སེ་ (Dainius Zalimas) ལགས་ཀྱིས་སྣེ་ཁྲིད་པའི་ཡུ་རོབ་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་ཡུ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་གནང་ཡོད་འདུག
ཡུ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་གནང་བའི་མཛད་སྒོའི་ཐོག ཡུ་རོབ་མཐུན་ཚོགས་ཀྱི་རྒྱལ་ཁབ་བཅུ་གཉིས་ཀྱི་གྲོས་ཚོགས་འཐུས་མི་གྲངས་༧ དང་གྲོས་ཚོགས་འཐུས་མི་ཀྱི་སྐུ་ཚབ་ཀྱི་ལས་བྱེད་ཁག་ཅིག་ཕེབས་ཡོད་འདུག དེ་བཞིན་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་དང་ཡུ་རོབ་བོད་དོན་འབྲེལ་མཐུད་པ་བསྟན་འཛིན་ཕུན་ཚོགས་ལགས། ཡུ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡུ་རོབ་སྲིད་བྱུས་ངེས་སྟོན་པ་སྐུ་ཞབས་ཝིན་སེན་མེ་ཊན་ (Vincent Metten) ལགས་དང་ཚོགས་པའི་ཞུ་གཏུག་ལས་བྱེད་ལྕམ་སྐུ་མེ་ལ་ནི་ (Melanie) ལགས་བཅས་མཉམ་ཞུགས་བྱས་འདུག
སྐབས་དེར། ཡུ་རོབ་གྲོས་ཚོགས་འཐུས་མི་དང་ཡུན་རིང་ནས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་ཊེ་ནི་ཡ་སི་ཛ་ལི་མཱ་སེ་ (Dainius Zalimas) ལགས་ཀྱིས་གསུང་བཤད་གནང་ཡོད་འདུག ཁོང་གིས་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དགོས་དམིགས་སྐོར་དང་། རྒྱལ་སྤྱིའི་སྟེང་བོད་མིའི་གནས་སྟངས་གསལ་སྟོན་དང་གཞི་རྩའི་རང་དབང་སྲུང་སྐྱོབ་གོང་འཕེལ་སླད་དྲིལ་བསྒྲགས་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་གསུངས་འདུག དེ་བཞིན་ཁོང་གིས་ཡུ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་གནང་བ་འདི་ཡིས་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ལ་གོམ་སྟབས་གལ་ཆེན་ཞིག་ཡིན་པ་དང་། ཡུ་རོབ་གྲོས་ཚོགས་འཐུས་མི་རྣམས་ཀྱིས་བོད་མིའི་རང་དབང་དང་ཐོབ་ཐང་ཐད་ཞུ་གཏུག་གནང་རྒྱུ་ཡིན་སྐོར་གསུང་པ་མ་ཟད། ཡུ་རོབ་གྲོས་ཚོགས་སུ་གླེང་སློང་གནང་རྒྱུ་ཡིན་སྐོར་གསུངས་འདུག
དེ་ནས་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་མཛད་སྒོའི་ཐོག་ཕེབས་པའི་གྲོས་ཚོགས་འཐུས་མི་རྣམས་ལ་ཉེ་ཆར་བོད་དིང་རིར་བྱུང་བའི་ས་ཡོམ་གྱི་གོད་ཆག་སྐོར་དང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གསུང་བཤད་གནང་ཡོད་འདུག
གཞན་ཡང་སྐུ་ཚབ་དོན་གཅོད་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་ ༩༠ ལ་ཕེབས་པའི་༸སྐུའི་གོ་སྟོན་དང་བསྟུན། བོད་མིའི་སྒྲིག་འཛུགས་ནས་འཛམ་གླིང་ཁྱོན་ཡོངས་སུ་ལོ་འཁོར་མོར་བྱམས་བརྩེའི་ལོ་ཞེས་སྲུང་བརྩི་ཞུ་གཏན་འཁེལ་བའི་སྐོར་དང་། འདི་ལོའི་ཕྱི་ཟླ་ ༦ ནང་ཉི་ཧོང་གི་རྒྱལ་ས་ཊོ་ཀི་ཡ་ (Tokyo) ཚོགས་གཏན་ཁེལ་བའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དགུ་པའི་ཐོག་གྲོས་ཚོགས་འཐུས་མི་རྣམ་པ་མཉམ་ཞུགས་ཡོང་བའི་རེ་སྐུལ་ཞུས་འདུག