ཕྱི་ལོ་༢༠༢༥ ཟླ་༣ ཚེས་༡༠ ཉིན། བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་བཞི་ཡི་གོ་སྒྲིག་འོག བོད་ཀྱི་དགེ་འདུན་པ་དང་བཙུན་མ་གཙོས་པའི་བོད་མི་བརྒྱ་ཕྲག་འགའ་ཡིས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནས་རྡ་ཤོད་ཀ་ཅ་རི་བར་དུ། བོད་ལ་རང་དབང་དགོས། བོད་ལ་འགྲོ་བ་མིའི་ཐོབ་ཐང་དགོས། བོད་མི་དམར་གསོད་གཏོང་བར་མཚམས་འཇོག་དགོས། བོད་ནང་མནར་གཅོད་མཚམས་འཇོག་དགོས། བོད་རང་བཙན་གཙང་མ་ཡིན། བོད་ནི་རྒྱ་ནག་གི་ཆ་ཤས་མིན། འཛམ་གླིང་མི་མང་བོད་ལ་རྒྱབ་སྐྱོར་བྱེད་རོགས། མཉམ་འབྲེལ་རྒྱལ་ཚོགས་བོད་ལ་རྒྱབ་སྐྱོར་གནང་རོགས་སོགས་ཀྱི་སྐད་འབོད་གནང་ནས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༦ པ་དང་རྒྱལ་གཅེས་དཔའ་བོ་དཔའ་མོའི་ཉིན་མོ་སྲུང་བརྩི་ཞུས་སོང་།
དེ་ཡང་། བོད་མིའི་སྒྲིག་འཛུགས་ངོས་ནས་བོད་མིའི་རང་དབང་སྒེར་ལངས་ཉིན་མོ་ཐེངས་༦༦ པ་དེ་སྲུང་བརྩིའི་མཛད་སྒོ་གྲོལ་རྗེས། གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་༡༡།༥༠་ཡས་མས་ཤིག་ནས་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་ཀྱི་བུད་མེད་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག རྡ་རམ་སའི་བོད་ཀྱི་དགེ་འདུན་པ་དང་བཙུན་མ། སློབ་ཕྲུག་གཙོས་པའི་བོད་མི་བརྒྱ་ཕྲག་འགའ་ཡིས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནས་རྡ་ཤོད་ཀ་ཅ་རི་བར་དུ་ཞི་བའི་གོམ་བགྲོད་གནང་སོང་།
བོད་མི་ཚོས་ཞི་བའི་གོམ་བགྲོད་གནང་སྐབས། བོད་ལ་རང་དབང་དགོས། རྒྱ་མི་བོད་ནས་ཕར་རྒྱུགས་ཤིག བོད་ཀྱི་བདག་པོ་བོད་མི་ཡིན། བོད་ལ་འགྲོ་བ་མིའི་ཐོབ་ཐང་དགོས། བོད་མི་དམར་གསོད་གཏོང་བར་མཚམས་འཇོག་དགོས། བོད་ནང་མནར་གཅོད་མཚམས་འཇོག་དགོས། བོད་རང་བཙན་གཙང་མ་ཡིན། བོད་ནི་རྒྱ་ནག་གི་ཆ་ཤས་མིན། འཛམ་གླིང་མི་མང་བོད་ལ་རྒྱབ་སྐྱོར་བྱེད་རོགས། མཉམ་འབྲེལ་རྒྱལ་ཚོགས་བོད་ལ་རྒྱབ་སྐྱོར་གནང་རོགས་སོགས་ཀྱི་སྐད་འབོད་ཤུགས་ཆེན་གནང་སོང་། སྲང་ལམ་གཡས་གཡོན་དང་གླ་འཁོར་ནང་འགྲོ་མཁན་གྱི་རྒྱ་གར་བ་ཚོས་ཞི་བའི་གོམ་བགྲོད་ཕེབས་མཁན་ཚོར་བརྙན་དང་པར་ལེན་པ་དང་། རྒྱ་གར་ཟ་ཁང་དང་མགྲོན་ཁང་བདག་པོ་ཁག་ཅིག་གིས་གོམ་བགྲོད་རྣམས་ལ་ཆུ་སྤྲད་ནས་རྒྱབ་སྐྱོར་མཚོན་ཐབས་གནང་སོང་།
རྡ་ཤོད་ཀ་ཅ་རིར་སླེབས་རྗེས། བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་བཞི་ཡིས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༦ པ་དང་རྒྱལ་གཅེས་དཔའ་བོ་དཔའ་མོའི་ཉིན་མོ་སྲུང་བརྩི་ཞུ་བའི་མཛད་སྒོ་སྟབས་བདེ་ཞིག་ཚོགས་སོང་། སྐབས་དེར། བོད་ཀྱི་གཞོནུ་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་དར་རྒྱས་ལགས་ཀྱིས་ཚོགས་པ་བཞི་ཡི་ཐུན་མོང་གི་སུམ་བཅུའི་དུས་དྲན་ཐེངས་༦༦ པའི་ཡོངས་ཁྱབ་བསྒྲགས་གཏམ་སྒྲོག་སྦྱར་གནང་དོན། བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་བཞི་ནས་གཞིས་བྱེས་བོད་མི་ཡོངས་ལ་འཚམས་འདྲི་ཞུ་བ་དང་སྦྲགས། ད་བར་བོད་རྒྱལ་ཁབ་དང་མི་རིགས། རིག་གཞུང་དང་བཅས་པའི་ཆེད་རང་གི་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་འདས་གསོན་ཡོངས་ཀྱི་ལྷག་བསམ་དང་སྙིང་སྟོབས། བློས་གཏོང་བཅས་རྗེས་སུ་དྲན་པའི་སྒོ་ནས་མྱ་ངན་གུས་འདུད་ཞུ་རྒྱུ་དང༌། བོད་ནང་རྒྱ་གཞུང་གི་དམ་དྲག་སྲིད་བྱུས་དང་གདུག་རྩུབ་འོག་དཀའ་སྡུག་མྱངས་དང་མྱོང་བཞིན་པའི་བོད་རིགས་སྤུན་ཟླ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་མ་ཟད། དེ་རིང་གི་རྒྱུད་ལམ་འདི་བརྒྱུད་ནས་འདི་ལོའི་ལོ་འགོར་བོད་དིང་རི་ཁུལ་དུ་ས་ཡོམ་གྱི་འབྱུང་བའི་གནོད་ཚེ་ཚབས་ཆེ་བྱུང་ནས་སྤུན་ཟླ་མང་པོའི་ཚེ་སྲོག་ཤོར་བ་སོགས་མི་རྒྱུ་ཟོག་གསུམ་ལ་གོད་ཆགས་ཚབས་ཆེ་བྱུང་བ་དང༌། ཉེ་ཆར་ཡང་བོད་བསྟན་སྲིད་ཉག་ཕྲའི་དུས་སྐབས་སུ་བཀའ་དྲིན་ལྷག་པར་དུ་ཆེ་བའི་ྋསྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་ལྷ་སྲས་རྒྱ་ལོ་དོན་གྲུབ་མཆོག་དགོངས་པ་རྫོགས་པའི་ཡིད་སྐྱོའི་ གནས་ཚུལ་བྱུང་བ་བཅས་འདས་པོ་རྣམས་ལ་མྱ་ངན་གུས་འདུད་ཞུ་རྒྱུ་དང༌། ཤུལ་ལུས་ནང་མི་བུ་ཕྲུག་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ཡིན།
དེ་རིང་གི་ཉིན་མོ་འདི་ནི་བོད་མི་རྩམ་གཟན་ཡོངས་ཀྱིས་དུས་ནམ་ཡང་བརྗེད་ཐབས་མེད་པའི་ལོ་རྒྱུས་ཀྱི་སྐྱོ་གར་ཉིན་མོ་ཞིག་ཆགས་ཡོད། འདི་ནི་རྒྱ་དམར་སྲིད་གཞུང་གིས་ཁྲིམས་འགལ་ཐོག་བོད་དུ་དྲག་པོའི་བཙན་འཛུལ་གྱིས་བོད་ས་ཡོངས་རྫོགས་བཙན་འཕྲོག་བྱས་ཏེ་ལོ་ངོ་ཧྲིལ་པོ་༦༦ འཁོར་བའི་གལ་ཆེའི་དུས་དྲན་ཉིན་མོ་ཞིག་ཡིན། ཉིན་མོ་འདི་ནི་རྒྱ་དམར་སྲིད་གཞུང་གིས་བོད་ཁྲིམས་འགལ་གྱིས་དྲག་པོའི་བཙན་འཛུལ་བྱས་པ་ནས་བཟུང་བོད་གཞུང་འབངས་གཉིས་ལ་བཙན་གནོན་འཇིགས་སྐུལ་དང་དམ་དྲག་བསུན་གཙེར་ཚད་མེད་བཟོས་ཡོད་པ་མ་ཟད། ཕྱི་ལོ་ ༡༩༥༩ ལོའི་ཟླ་ ༣ ཚེས་ ༡༠ ཉིན་༸གོང་ས་མཆོག་རྒྱའི་དམག་སྒར་དུ་གདན་ཞུས་ཀྱིས་ྋསྐུ་ཕྱྭར་གནོད་འཚེ་གཏོང་འཆར་ཡོད་པ་བོད་འབངས་རྣམས་ཀྱི་ཤེས་རྟོགས་བྱུང་བར་བརྟེན། དེ་ཉིན་ཞོགས་པ་ཆོལ་གསུམ་བོད་མི་ཁྲི་ཕྲག་མང་པོས་མ་གྲོས་བསམ་པ་གཅིག་མཐུན་གྱིས་ནོར་གླིང་དུ་མཉམ་འཛོམས་ཀྱིས་༸རྒྱལ་བའི་སྐུ་ཕྱྭར་སྲུང་སྐྱོབས་དང་འབྲེལ། བོད་རང་བཙན་གྱི་བདག་དབང་སྲུང་སྐྱོབ་སླད་ “༧གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་རང་བཙན་ཡིན། རྒྱ་མི་བོད་ནས་ཕར་རྒྱུགས་ཤིག” ཅེས་པའི་འབོད་སྒྲ་དང་བཅས་ངོ་རྒོལ་ཁྲོམ་སྐོར་གྱིས་བོད་རང་དབང་སྒེར་ལངས་ཐོག་མ་དེ་བྱུང་བ་དང༌། རྒྱ་གཞུང་གིས་དྲག་པོའི་དམག་གིས་ཉམས་ཆུང་བོད་མི་རྣམས་སྡེབ་གསོད་བཏང་བའི་ཉིན་མོ་ཞིག་ཡིན་པ་མ་ཟད། བོད་ཁམས་ཡོངས་རྫོགས་དྲག་པོའི་དམག་གིས་བཙན་བཟུང་བྱས་པའི་ཉིན་མོ་ཞིག་ཀྱང་ཡིན། དུས་དེ་ནས་བཟུང་བོད་མི་རྣམས་ཀྱིས་ནམ་ཡང་བརྗེད་ཐབས་མེད་པའི་བོད་རང་དབང་འཐབ་རྩོད་བྱེད་པའི་ཉིན་མོ་གལ་ཆེན་ཞིག་ཏུ་བརྩི་བཞིན་ཡོད།
ཕྱི་ལོ་༡༩༤༩ ལོ་ཙམ་ནས་རྒྱ་དམར་སྲིད་གཞུང་གིས་ངོ་ཚ་འཁྲེལ་མེད་ཀྱི་བོད་མདོ་སྟོད་སྨད་ཕྱོགས་ནས་བཙན་འཛུལ་བྱེད་མགོ་བརྩམས་པ་ནས་བཟུང་ད་ལྟ་ལ་ཐུག་གི་བར་བོད་ཀྱི་རྩ་ཆེའི་གནས་རི་ཁག་ནས་གཏེར་ཁ་སྔོག་འདོན་བྱས་པ་དང་། ཤིང་ ནག་གཅོད་བྲེག གཙང་ཆུ་ཁ་སྒྱུར་དང་གང་སར་ཆུ་མཛོད་བརྒྱབ་པ། ལོ་རྒྱུས་ཡུན་རིང་ལྡན་པའི་དགོན་པ་དང་གྲོང་ཁྱིམ་བཙན་སྤོ་བྱེད་དུ་འཇུག་པ། བོད་ཀྱི་ཁ་རླུང་སྦག་གཙོག་བཟོས་པ། དེ་བཞིན་བོད་མི་རིགས་ཀྱི་སྐད་ཡིག་རྩ་མེད་གཏོང་སླད་དགོན་སྡེ་ཁག་རྩ་གཏོར་དང་གཏོར་བཤིག་བཏང་བ། བོད་མི་རིགས་ཀྱི་སྐད་ཡིག་རིག་གཞུང་ཐོག་ལྷག་པར་མཛད་རྗེས་ཆེ་བའི་སྐྱེ་བུ་རྣམས་གཞི་མེད་སྐྱོན་འཛུགས་ཀྱིས་དངོས་ཤུགས་བརྒྱུད་གསུམ་ནས་ཉེས་མེད་ཉེས་འདོགས་ཀྱིས་འཛིན་བཟུང་བཙོན་འཇུག་དང་མེད་པར་བཟོ་བ། ར་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་སོགས་བོད་པའི་ཤེས་ཡོན་བསྟི་གནས་ཁང་ཁག་བཙན་གྱིས་སྒོ་བརྒྱབ་པ། དགོན་སྡེ་ཁག་ནང་གྲྭ་བཙུན་གྲངས་ཚད་བཟོ་བ་དང་ཕྱིར་འབུད་གཏོང་བ། གྲྭ་བཙུན་རྣམས་ལ་རྒྱལ་གཅེས་ཆོས་གཅེས་ཞེས་པའི་བསམ་བློའི་སློབ་གསོ་བཙན་ཁྲིད་བྱེད་པ། བོད་ཀྱི་མཐོ་སློབ་ཁག་ནང་བོད་ཡིག་ཐོག་ཡིག་རྒྱུགས་གཏོང་རྒྱུ་མེད་པ་བཟོ་བ་མ་ཟད་མཐར་ཕྱིན་དཔྱད་རྩོམ་ཡང་རྒྱ་ཡིག་ནང་འབྲི་དགོས་པ། གཞུང་གི་ལས་བྱེད་རྣམས་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་མཉམ་ཞུགས་མི་ཆོག་པ། བོད་ཕྲུག་བྱིས་པ་རྣམས་རང་གི་ཕ་མ་དང་བཙན་གྱིས་ཁ་བྲལ་དུ་བཏང་ནས་གཏན་འཇགས་སློབ་གྲྭ་ཞེས་པར་བཙན་འཇུག་བྱས་ཏེ་དམར་ཤོག་རིང་ལུགས་པ་ཞིག་ལ་སྒྱུར་ཐབས་བྱེད་པ། དེ་བཞིན་བོད་དང་བོད་ཀྱི་ས་མིང་ཁག་ཅིག་ཀྱང་རྒྱ་སྐད་ནང་སྒྱུར་ཐབས་བྱེད་པ། བོད་ནང་གི་གཞོན་སྐྱེས་དྲྭ་དཔོན་སྤྱི་ཚོགས་ཤུགས་རྐྱེན་ཆེ་བ་རྣམས་དམ་དྲག་བཀག་འགོག་བྱེད་པ། ས་ཡོམ་སོགས་འབྱུང་བའི་གནོད་ཚེ་བྱུང་ཁུལ་རྣམས་ལ་རོགས་རམ་བཀག་འགོག་བྱས་པ། མདོར་ན་རྒྱ་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་ཉམས་ཆུང་བོད་མི་རྣམས་འུ་ཐུག་བཟོད་བྲལ་གྱིས་ད་བར་བོད་མི་གྲངས་༡༦༩ ཙམ་གྱིས་བོད་རྒྱལ་ཁབ་དང་མི་རིགས་རིག་གཞུང་དང་བཅས་པའི་ཆེད་རང་ལུས་མེར་སྲེག་བཏང་དགོས་བྱུང་ཡོད། དེ་ནི་འཛམ་གླིང་རྒྱལ་སྤྱིའི་ནང་འགྲོ་བ་མིའི་ཐོབ་ཐང་གནས་བབ་སྡུག་ཤོས་སུ་གྱུར་བའི་མཚོན་རྟགས་ཤིག་ཡིན་པ་མ་ཟད་བོད་ཀྱི་སྣོད་བཅུད་གཉིས་ལ་གཏོར་སྐྱོན་ཚབས་ཆེ་བཏང་ཡོད།
སྤྱིར་དེང་སྐབས་འཛམ་གླིང་རྒྱལ་སྤྱིའི་ཐོག་བོད་དོན་འཐབ་རྩོད་དང་བོད་མི་རིགས་ཀྱི་ངོ་བོ་གསོན་པོར་གནས་ཡོད་པ་ནི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་ཞིག་ཡིན། ཁོང་གིས་དབུ་ཁྲིད་ལམ་སྟོན་དང་ཐུགས་རྗེའི་བཀའ་དྲིན་འོག་བོད་ཀྱི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་སྤྱི་སྒེར་ཁག་དང་། དེ་བཞིན་རྒྱལ་སྤྱིའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་བོད་དོན་རྒྱབ་སྐྱོར་བ་སྤྱི་སྒེར་རྣམས་ཀྱིས་ད་བར་བོད་དོན་འཐབ་རྩོད་དང་འབྲེལ་བའི་ལས་འགུལ་རིམ་པར་སྤེལ་བ་བཅས་ལ་བརྟེན། ཨ་རིའི་སྲིད་གཞུང་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་དེ་བཞིན་ཕྱི་ལོ་༢༠༢༤ ལོར་བོད་དོན་ཁྲིམས་འཆར་དེ་བཞིན་གཏན་འབེབ་བྱུང་ཡོད་པ་མ་ཟད། རྒྱལ་སྤྱིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་མི་མང་ནས་བོད་དོན་ཐད་རྒྱབ་སྐྱོར་ཤུགས་ཆེ་གནང་དང་གནང་མུས་ཡིན་པར་ཐུགས་རྗེ་ཆེ་ཞུ་བ་དང༌། སླད་ཀྱང་ཇི་སྲིད་བོད་ཀྱི་བདེན་མཐའ་མ་བསལ་བར་དེ་སྲིད་དུ་བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང༌། རང་དབང༌། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་བབ་སོགས་ལ་དོ་སྣང་སྲུང་སྐྱོབ་སྔར་ལྷག་རྒྱབ་སྐྱོར་གནང་སྐྱོང་ཡོང་བ་ཞུ་རྒྱུ་ཡིན།
དེང་སྐབས་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་ཧ་ཅང་ཆེ་བའི་དུས་སྐབས་འདིར་རང་རིགས་ནང་ཁུལ་གྱི་རྩོད་རྙོག་ཕྱོགས་ཞེན་ཆུང་ཙག་རིགས་ལ་མགོ་བོ་འཁོར་ནས་མ་བསྡད་པར་རང་མི་རིགས་ཀྱི་ཐུན་མིན་སྐད་དང་ཡི་གེ ཡུལ་སྲོལ་གོམས་གཤིས། ཡ་རབ་བཟང་སྤྱོད། གཞན་ཕན་ལྷག་བསམ་སོགས་བོད་མི་རིགས་ཀྱི་རྩ་ཆེའི་ངོ་བོ་རྒྱུན་འཛིན་ངོ་བོ་རྒྱུན་འཛིན་ཐོག་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་སྟབས་བསྟུན་གྱིས། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་སྤྱི་སྒེར་ཡོངས་ནས་ ནས་རྡོག་རྩ་གཅིག་སྒྲིལ་དང༌། ནུས་ཤུགས་གཅིག་སྒྲིལ་གྱིས་བོད་དོན་དྲིལ་བསྒྲགས་དང༌། བོད་དོན་འཐབ་རྩོད་ཀྱི་ལས་འགུལ་སྔར་ལྷག་ནུས་ཤུགས་ལྡན་པ་སྤེལ་དགོས་གལ་ཆེ་བ་དང༌། ལྷག་པར་བོད་དོན་འཐབ་རྩོད་དང་འབྲེལ་བའི་ལས་འགུལ་སྤྱི་སྒེར་གང་རུང་ནས་གོ་སྒྲིག་ཞུ་སྐབས་རང་རིགས་མི་མང་གིས་མཐུར་འགྱུར་རྒྱབ་སྐྱོར་དང་མཉམ་ཞུགས་སྔར་ལྷག་གནང་དགོས་རྒྱུར་འབོད་སྐུལ་ཞུ་རྒྱུ་ཡིན། དམིགས་བསལ་འདི་ལོར་༸རྒྱལ་བའི་གོ་སྟོན་དང་སྟབས་བསྟུན་གྱིས་ཆོལ་གསུམ་བོད་མི་ནང་ཁུལ་ཆིག་སྒྲིལ་ནུས་པ་མཉམ་སྤུངས་ཐོག་དམ་ཚིག་འོ་ཆུ་གཅིག་སྒྲིལ་གྱི་སྒོ་ནས་བླ་མའི་བཀའ་དགོངས་འགལ་མེད་ཚུལ་བཞིན་སྒྲུབ་ནས་༸རྒྱལ་བའི་བཀའ་དྲིན་གསོ་ཐབས་ལ་འབད་དགོས་པ་ཡིད་འཇག་ནན་སྐུལ་ཞུ་རྒྱུ་ཡིན། ཞེས་བརྗོད་སོང་།