25
མིག, གསུམ་པ།

Expired

ཕྱི་ལོ་༢༠༢༥ ཟླ་༣ ཚེས་༨ ཉིན། བཞུགས་སྒར་རྡ་རམ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག རྡ་རམ་སའི་བོད་མི་རྣམས་ཀྱིས་གསུམ་བརྒྱད་མཆོད་འབུལ་སྨོན་ལམ་ཞིག་ཚོགས་སོང་།

བཙན་བྱོལ་གྱི་གསར་འགྱུར།
Typography
  • Smaller Small Medium Big Bigger
  • Default Helvetica Segoe Georgia Times

ཕྱི་ལོ་༢༠༢༥ ཟླ་༣ ཚེས་༨ ཉིན། བཞུགས་སྒར་རྡ་རམ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག རྡ་རམ་སའི་བོད་མི་རྣམས་ཀྱིས་ཕྱི་ལོ་ ༡༩༨༩ ཟླ་ ༣ ཚེས་ ༨ ཉིན་བོད་ནང་བོད་མི་རྣམས་ཀྱིས་ཞི་བའི་རྔམ་སྟོན་གནང་རྗེས་རྒྱ་ནག་གཞུང་གིས་ཡ་ང་སྙིང་རྗེ་མེད་པར་བོད་ས་ཡོངས་རྫོགས་ལ་དྲག་པོའི་དམག་ཁྲིམས་བསྡམས་ཏེ་མི་སྤྱོད་ལས་འདས་པའི་བཙན་གནོན་གྱིས་བོད་མི་སེར་སྐྱ་རྒན་གཞོན་ཕོ་མོ་མང་པོ་དམར་བསད་དང༌། ཁྲི་ཚོ་མང་པོ་ཉེས་མེད་བཙོན་འཇུག་དང་མནར་གཅོད་བཏང་བ་སོགས་ལ་མྱ་ངན་རྗེས་དྲན་ཞུ་ཆེད་དང་གཞིས་བཞུགས་སྤུན་ཟླ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུ་ཆེད་གསུམ་བརྒྱད་མཆོད་འབུལ་སྨོན་ལམ་ཞིག་ཚོགས་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་འོག རྡ་རམ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔའི་དྲུང་དུ་མཆོད་སྤྲིན་སྣ་ལྔ་འབུལ་གཤོམ་དང་འབྲེལ། མཆོད་འབུལ་སྨོན་ལམ་གྱི་ཚོགས་མགོན་དུ་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། སྲི་ཞུའི་ལས་བྱེད་རྣམ་པ། བཞུགས་སྒར་ཁུལ་གནས་སྡོད་རིས་མེད་ཆོས་སྡེ་ཁག་གི་དགེ་བཙུན་སྔགས་གསུམ། ཚོགས་སྡེ་སྒྲིག་འཛུགས་ཁག་གི་ལས་བྱེད། དགེ་འདུན་པ་དང་བཙུན་མ། དེ་བཞིན་མི་མང་སོགས་ཁྱོན་མི་གྲངས་བརྒྱ་ཕྲག་བརྒལ་བ་འདུ་འཛོམས་ཀྱིས་མཆོད་འབུལ་སྨོན་ལམ་ཚོགས་སོང་།

མཆོད་འབུལ་སྨོན་ལམ་ཚར་རྗེས། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསར་འགོད་པ་ཚོ་རྣམས་ལ་གསུང་དོན། ཕྱི་ལོ་ ༡༩༨༧། ༡༩༨༨།༡༩༨༩ བཅས་ལོ་གསུམ་རིང་བོད་ལྷ་ས་ཁུལ་དུ་བོད་མི་ཚོས་རྒྱ་ནག་གི་སྲིད་བྱུས་ལ་མི་འདོད་པའི་རྣམ་པ་བཏོན་པར་བརྟེན་དེ་སྔའི་རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཏའོ་སྐབས་དེ་དུས་བོད་ནང་གི་དམར་ཤོག་གི་འགོ་ཁྲིད་ཆགས་ཡོད་པས་དྲག་པོའི་ཁྲིམས་བསྡམས་ཏེ་བོད་ནང་དཀའ་ངལ་ཆེན་པོ་བཟོས་པ་རེད། གནས་ཚུལ་དེ་བོད་མི་ཚང་མས་སེམས་ནང་དྲན་དགོས་པ་ཞིག་དང་། རྒྱ་ནག་གཞུང་གི་བོད་ཐོག་འཛིན་པའི་སྲིད་བྱུས་དང་སོ་སོའི་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་རྒྱུ་འབད་བརྩོན་གང་འདྲ་བྱེད་དགོས་མིན་ད་བར་བོད་ནང་ཡོད་པའི་བོད་མི་ཚོས་འགན་བཞེས་ཏེ་སྲོག་འབེན་ལ་བཙུགས་ནས་ཕྱག་ལས་གནང་བཞིན་ཡོད། ཆབ་སྲིད་ཀྱི་གོ་ཡུལ་ཧ་ཅང་ཁག་པོ་ཡིན་པ་མ་ཟད། ཆབ་སྲིད་ཀྱི་ལས་འགུལ་སྤེལ་རྒྱུར་ཧ་ཅང་ཁག་པོ་ཡོད་ནའང་བོད་མི་རིགས་ཀྱི་རྩ་མེད་གཏང་རྒྱུའི་སྲིད་བྱུས་རྒྱ་ནག་གཞུང་གིས་འཛིན་གྱི་ཡོད་པ་དེ་དག་ལ་གང་ཐུབ་ཅི་ཐུབ་ཀྱིས་གདོང་ལེན་གནང་སྟེ་བསྡད་ཡོད།བཅན་བྱོལ་དུ་ཡོད་མཁན་ཚོས་རང་དབང་ལུང་པའི་ནང་གནས་ཡོད། གང་ལྟར་བཙན་བྱོལ་དུ་ཡོད་མཁན་ཚོས་བོད་ནང་ཡོད་པའི་བོད་མི་རྣམས་ལ་ལྟ་བཞིན་ཡོད་པ་དང་། བོད་ནང་གི་བོད་མི་རྣམས་བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ལ་ལྟ་བཞིན་ཡོད།

ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་ལམ་སྟོན་འོག་བོད་ཕྱི་ནང་གཉིས་ཀྱི་རེ་བ་ལྟོས་ས་ལྟ་བུ་ཆགས་ཡོད་སྟབས། བཙན་བྱོལ་དུ་ཡོད་མཁན་རྣམས་ཀྱང་མིའི་གྲངས་འབོར་ཐོག་ནས་ཉུང་ཉུང་ཡིན་པ་མ་ཟད། མཐུན་རྐྱེན་སོགས་གང་ཅིའི་ཐད་ནས་ཉུང་ཉུང་ཡིན། སྐབས་རེ་གོད་ཆག་སོགས་བར་ཆད་དེ་འདྲ་ཡོང་གི་ཡོད། འོན་ཀྱང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་པོ་མཆོག་གི་ལམ་སྟོན་ཤར་བསྐྱོད་འོག་བོད་སྤྱི་པའི་ལས་དོན་སྒྲུབ་རྒྱུར་གང་ཐུབ་ཅི་ཐུབ་ཀྱིས་རྒྱལ་སྤྱིའི་གནས་སྟངས་འོག་འབད་བརྩོན་ཞུ་དགོས་ཀྱི་ཡོད། དེ་དག་ཞུ་རྒྱུའི་ཆེད་ཕྱི་ལོ་ ༡༩༨༩ ལོར་བོད་ནང་བྱུང་བའི་གནས་ཚུལ་རྣམས་དྲན་གསོ་པའི་ཐོག་ནས་དེའི་རྗེས་འབྲེལ་གྱི་གནས་ཚུལ་མང་པོ་ཞིག་བོད་ནང་བྱུང་ཡོད་པ་རྣམས་དྲན་པའི་སྒོ་ནས་ང་ཚོའི་ལས་འགན་དེ་ངོ་ཤེས་པ་དང་། བསམ་བློ་གུ་དོག་པོ་མ་བཏང་བར་རྒྱ་ཆེ་ས་ནས་གནས་ཚུལ་ཤེས་པར་བྱས་ཏེ་བོད་མི་རྣམས་རྡོག་རྩ་གཅིག་ཏུ་སྒྲིལ་ནས་བསམ་བློ་བཏང་བ་དང་སྦྲགས་ལས་འགུལ་སྤེལ་དགོས་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད། ཅེས་གསུངས་སོང་།