ཕྱི་ལོ་༢༠༢༥ ཟླ་༣ ཚེས་༨ ཉིན། བཞུགས་སྒར་རྡ་རམ་སའི་མོག་གྷན་སྤྱི་ཐང་དུ། དབུས་དང་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་རྒྱལ་སྤྱིའི་བུད་མེད་ཉིན་མོ་སྲུང་བརྩི་ཞུས་སོང་། སྐབས་དེར། བོད་ནང་བུད་མེད་ཚོས་རྒྱ་ནག་གཞུང་གི་བཙན་གནོན་སྲིད་བྱུས་འོག་དཀའ་ངལ་སྣ་ཚོགས་འཕྲད་བཞིན་ཡོད། བུད་མེད་དེ་དག་མི་རིགས་དང་ཕོ་མོའི་དབྱེ་བ་ལ་བརྟེན་ནས་སྤྱི་ཚོགས་དང་དཔལ་འབྱོར། ཆབ་སྲིད་ཀྱི་ཁྱབ་ཁོངས་སུ་རྒྱུན་དུ་ཕྱོགས་ལྷུང་དང་དབྱེ་འབྱེད་བྱེད་ཀྱི་ཡོད། བོད་ཀྱི་བུད་མེད་ཚོས་འདྲ་མཉམ་དང་དྲང་བདེན་གྱི་འཐབ་རྩོད་ནང་ཡིད་ཆེས་བྱེད་ཐུབ་པའི་བརྟན་ལྷིང་དང་བློ་ཐག་ཆོད་པོ་བསྟན་ཡོད། ཅེས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་བརྗོད་སོང་།
དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་༡༡ ཐོག བཞུགས་སྒར་རྡ་རམ་སའི་མོག་གྷན་སྤྱི་ཐང་དུ། དབུས་དང་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ཀྱིས་ལ་སྤྱིའི་བུད་མེད་ཉིན་མོ་སྲུང་བརྩི་ཞུས་སོང་། སྐབས་དེར། བོད་ཀྱི་བུད་མེད་དང་རྒྱ་གར་དང་ཕྱི་རྒྱལ་བུད་མེད་ཁག་ཅིག་མཉམ་ཞུགས་གནང་ནས་བུད་མེད་ཉིན་མོ་སྲུང་བརྩི་ཞུས་སོང་།
སྐབས་དེར། བོད་ཀྱི་བུད་མེད་ལྷན་ཚོགས་ངོས་ནས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་དོན། ཕྱི་ཟླ་༣ ཚེས་༨ ཉིན་ནི་རྒྱལ་སྤྱིའི་བུད་མེད་ཉིན་མོ་ཡིན། ཉིན་འདིར་ཕོ་མོ་འདྲ་མཉམ་གྱི་ཕྱོགས་སུ་བསྐྱོད་པའི་མཉམ་འབྲེལ་འགྲུལ་བཞུད་ཐད་གནད་ འགག་གི་དུས་སྐབས་ཤིག་ཏུ་ཆགས་ཡོད། འདི་ལོའི་བརྗོད་གཞི་”མགྱོགས་མྱུར་བྱ་སྤྱོད་སྤེལ་དགོས།"ཞེས་པ་དེ་འབོད་སྐུལ་ཙམ་མ་ཡིན་པར། རྒྱལ་སྤྱིའི་བུད་མེད་ཀྱི་ཉིན་མོ་སྲུང་བརྩི་བྱེད་པ་དེ་བུད་མེད་ཀྱི་གྲུབ་འབྲས་ལ་དགའ་སྟོན་བྱེད་པ་ཙམ་མ་ཡིན་པར། དེ་ལས་ལྷག་པའི་འགྲན་སློང་ལ་སྐུལ་འདེད་དང་བསམ་གཞིག་བྱེད་པའི་གཞོགས་སྟེགས་ཞིག་ཀྱང་ཡིན། ཞེས་དང་།
ཁོང་མོ་ཚོས་མུ་མཐུད་ནས་བརྗོད་དོན། བརྗོད་གཞི་འདིས་མི་སྒེར་དང་ཚོགས་པ་ཁག་གིས་ད་ཡོད་ཀྱི་བུད་མེད་ཚོགས་པ་དང་ལས་གཞི་ཁག་ལ་རྒྱབ་སྐྱོར་བྱས་ནས་ཕོ་མོ་འདྲ་མཉམ་འཕེལ་རྒྱས་གཏོང་བའི་ལས་དོན་ནང་ཧུར་ཐག་གིས་ཞུགས་དགོས་པའི་འབོད་སྐུལ་བྱས་ཡོད། མི་རབས་མང་པོའི་རིང་བུད་མེད་ཚོ་འགྱུར་བ་གཏོང་བའི་བཟོ་བཀོད་པ་དང་། གསར་གཏོད་པ། འགོ་ཁྲིད། སྤྱི་ཚོགས་སྒྱུར་བཅོས་ཀྱི་སྒུལ་ཤུགས་བཅས་ཡིན། ཡིན་ནའང་། མུ་མཐུད་ནས་ནུས་པ་ཆ་ཚང་འགོག་རྐྱེན་ལ་གདོང་ལེན་བྱེད་དེ་བྱ་སྤྱོད་མགྱོགས་སུ་གཏོང་དགོས། བུད་མེད་ཀྱི་ནུས་སྟོབས་ཆེ་རུ་གཏོང་བའི་འགྱུར་ལྡོག་གི་ལམ་ཁ་བསྐྲུན་དགོས། ཞེས་དང་།
བོད་ནང་བུད་མེད་ཚོས་རྒྱ་ནག་གཞུང་གི་བཙན་གནོན་སྲིད་བྱུས་འོག་དཀའ་ངལ་སྣ་ཚོགས་འཕྲད་བཞིན་ཡོད། བུད་མེད་དེ་དག་མི་རིགས་དང་ཕོ་མོའི་དབྱེ་བ་ལ་བརྟེན་ནས་སྤྱི་ཚོགས་དང་དཔལ་འབྱོར། ཆབ་སྲིད་ཀྱི་ཁྱབ་ཁོངས་སུ་རྒྱུན་དུ་ཕྱོགས་ལྷུང་དང་དབྱེ་འབྱེད་བྱེད་ཀྱི་ཡོད། དེ་དག་ལ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཏི་འབྲུ་ཙམ་མེད་པར་དཀའ་ངལ་འཕྲད་ཀྱི་ཡོད། བོད་ཀྱི་བུད་མེད་ཚོས་གཉའ་གནོན་སྣ་ཚོགས་ལ་ངོ་རྒོལ་དང་འཐབ་རྩོད་ཀྱི་ལོ་རྒྱུས་ཡུན་རིང་ལྡན་ཡོད། བོད་ཀྱི་བུད་མེད་ཚོས་འདྲ་མཉམ་དང་དྲང་བདེན་གྱི་འཐབ་རྩོད་ནང་ཡིད་ཆེས་བྱེད་ཐུབ་པའི་བརྟན་ལྷིང་དང་བློ་ཐག་ཆོད་པོ་བསྟན་ཡོད། ཅེས་དང་།
ཁོང་ཚོའི་འཐབ་རྩོད་དེ་རྒྱ་ནག་དམར་གཞུང་གིས་བོད་ནང་འཛིན་པའི་སྲིད་བྱུས་ཀྱི་ཁྱབ་ཁོངས་རྒྱ་ཆེ་བ་དང་གཏིང་ཟབ་པོ་འབྲེལ་བ་ཡོད། བོད་ཀྱི་བུད་མེད་མང་པོ་ཞིག་གླ་ཆ་དམའ་བ་དང་ལུས་པོའི་དགོས་མཁོ་ཆེ་བའི་ལས་ཀར་བཙན་ཤེད་ཀྱིས་བཀོལ་སྤྱོད་བྱེད་སླ་བ་དང་སྤྱི་ཚོགས་ཀྱི་འགུལ་སྐྱོད་ལ་ཚད་གཞི་ཆུང་དུ་བཏང་ཡོད། དཔལ་འབྱོར་གྱི་རྨས་སྐྱོན་འདིས་ཁོང་ཚོ་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བའི་ཉེན་ཁ་ཆེ་རུ་གཏོང་གི་ཡོད། ང་ཚོས་མ་འོངས་པའི་ཆེད་བུད་མེད་ཀྱི་ཐོབ་ཐང་ལ་མུ་མཐུད་ནས་སྐུལ་འདེད་གཏོང་རྒྱུ་དང་མི་ཚང་མར་ཁྱབ་ཁོངས་དང་འདྲ་ཚོགས་ཤིག་བསྐྲུན་རྒྱུའི་འབད་བརྩོན་བྱེད་རྒྱུ་ནི་གལ་ཆེན་པོ་རེད། དེ་ལ་གཞུང་དང་སྤྱི་ཚོགས་ཀྱི་ཚོགས་པ་ཁག མི་སྒེར་བཅས་ཀྱིས་མཉམ་འབྲེལ་གྱི་འབད་བརྩོན་བྱེད་དགོས། ཞེས་དང་།
མཐའ་མའི་འཐབ་རྩོད་བྱེད་མཁན་གྱི་བུད་མེད་དང༌། མུ་མཐུད་ནས་རྒྱབ་སྐྱོར་ཐོག་འབོད་སྒྲ་སྒྲོག་མཁན། དེ་བཞིན་གཅིག་སྒྲིལ་གྱི་ཐོག་ནས་ལངས་མཁན་གྱི་མནའ་གྲོགས་ཚོར་འདི་ནི་ང་ཚོའི་དུས་ཚོད་ཡིན། ང་ཚོས་མཉམ་དུ་མགྱོགས་མྱུར་བྱ་སྤྱོད་སྤེལ་དགོས་རྒྱུ། ཕོ་མོ་འདྲ་མཉམ་དེ་རེ་འདུན་མིན་པར་འཚོ་བའི་དངོས་ཡོད་ཅིག་ཡིན་པའི་ཁོར་ཡུག་ཞིག་བསྐྲུན་དགོས། ང་ཚོའི་ནུས་པ་ཚད་མེད་པ་ཡིན་ཙང་དུས་ཚོད་ད་ལྟ་རེད། ཅེས་བརྗོད་སོང་།