ཕྱི་ལོ་༢༠༢༥ལོའི་ཟླ་༢་ཚེས༡༣་ཉིན། བཞུགས་སྒར་རྡ་རམ་སའི་ས་གནས་འགོ་འཛིན་ཚོགས་ཁང་དུ། བོད་རང་བཙན་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག བོད་མི་ཚོས་༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་གིས་བོད་རང་བཙན་ཡོངས་ཁྱབ་གསལ་བསྒྲགས་གནང་ནས་ལོ་ངོ་༡༡༢ འཁོར་བའི་ཉིན་མོ་སྲུང་བརྩི་ཞུས་སོང་། སྐབས་དེར། གཏམ་བཤད་པ་རྣམ་པས་བོད་དེ་རྒྱ་གཞུང་གིས་མིང་བསྒྱུར་ཐབས་གཏོང་བཞིན་པ་འདི་ནི་བོད་ཀྱི་ལོ་རྒྱུས་ནག་བསུབ་གཏོང་ཐབས་ཀྱི་བྱ་སྤྱོད་རེད་ཟེར་ནས་རྒྱ་གཞུང་ལ་ངོ་རྒོལ་དང་སྐྱོན་བརྗོད་གནང་སོང་།
དེ་ཡང་། བོད་རང་བཙན་སློབ་ཕྲུག་ཚོགས་པས་༼བོད་ཡུན་གནས་ཐུབ་དགོས། གོ་ལའི་གླེང་མོང་ནང་གི་བོད། ནག་བསུབ་དང་འགོད་རྒོལ་༽ ཞེས་པའི་བརྗོད་གཞི་ཐོག རྒྱ་གཞུང་གིས་བོད་དེ་མིང་བསྒྱུར་ཐབས་བྱེད་བཞིན་པའི་སྲིད་བྱུས་ཀྱི་ཐོག་གཏམ་བཤད་ལས་རིམ་ཞིག་གོ་སྒྲིག་ཞུས་འདུག གཏམ་བཤད་པ་ནི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས། བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་བསྟན་འཛིན་པ་སངས་ལགས་བཅས་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་ཀྱིས་གཙོ་སྐྱོང་གནང་སོང་། སྐབས་དེར། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་དེ་བཞིན་གཞོན་སྐྱེས་དོན་གཉེར་བཅས་ཁྱོན་བོད་མི་༥༠ ལྷག་བོད་རང་བཙན་ཡོངས་ཁྱབ་གསལ་བསྒྲགས་གནང་ནས་ལོ་ངོ་༡༡༢ འཁོར་བའི་ཉིན་མོ་སྲུང་བརྩི་ཞུ་བའི་དུས་དྲན་གྱི་བྱེད་སྒོར་མཉམ་ཞུགས་གནང་འདུག
ཐོག་མར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་དྲིལ་བསྒྲགས་འགན་འཛིན་བསྟན་འཛིན་ལེགས་ལྡན་ལགས་ཀྱིས་༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་གིས་བོད་རང་བཙན་ཡོངས་ཁྱབ་གསལ་བསྒྲགས་གནང་ནས་ལོ་ངོ་༡༡༢ འཁོར་བའི་ཉིན་མོ་དང་འབྲེལ་བའི་ངོ་སྤྲོད་གནང་དོན། དེ་རིང་ཉིན་མོ་འདི་རྒྱ་གར་རྒྱལ་ཁབ་དང་ས་གནས་༣༠ ལྷག་གི་ནང་དུ་སྲུང་བརྩི་ཞུ་བཞིན་ཡོད། ༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་གི་བོད་རང་བཙན་བསྒྲགས་གཏམ་འདི་ཡིས་བོད་ནི་རྒྱའི་ཆ་ཤས་མིན་པ་དང་བོད་ནི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པའི་བདེན་དཔང་བྱེད་ཀྱི་ཡོད། ཅེས་སོགས་བརྗོད་སོང་།
དེ་ནས་བསོད་ནམས་ཚེ་རིང་ལགས་ཀྱིས་གཏམ་བཤད་པ་རྣམས་ཀྱི་ལོ་རྒྱུས་ངོ་སྤྲོད་མདོར་བསྡུས་གནང་རྗེས། ཟླ་བ་ཚེ་རིང་ལགས་ཀྱིས་རྒྱ་གཞུང་གིས་བེད་སྤྱོད་གཏོང་བཞིན་པའི་བོད་ལ་ཞི་ཙང་(Xizang)་ཞེས་པའི་ཐ་སྙད་དེ་བྱུང་རིམ་དང་དེ་བེད་སྤྱོད་གཏོང་དགོས་པའི་རྒྱུ་མཚན་ཐོག་གཏམ་བཤད་གནང་སོང་། ཁོང་གིས་ཕྱི་ལོ་༢༠༡༤་ཟླ་༡༠་པའི་ནང་དུ། བོད་ལྗོངས་ཞིབ་འཇུག་དུས་དེབ་ཐོག་Tibet དང་Xizang ཞེས་པའི་དཔྱད་རྩོམ་ཞིག་བཏོན་ཡོད་པའི་ནང་དུ་བོད་(Tibet) དེ་བེད་སྤྱོད་བཏང་ན་བོད་ཆེན་པོ་ཞེས་པ་ནོར་སྲིད་པས་ཞི་ཙང་བེད་སྤྱོད་དགོས་པའི་བཙན་བཀའ་བཏང་ཡོད་པ་དང་། བོད་(Tibet-ཐཱོ་པོ)་སྐོར་འཁྱོག་བཤད་བྱས་ནས་རིམ་བཞིན་རྒྱ་ཡིག་ནང་རིམ་བཞིན་ཞི་ཙང་བེད་སྤྱོད་གཏོང་འགོ་བརྩམས་ཡོད་སྐོར་དང་། ཐཱོ་པོ་དང་ཞི་ཙང་ཀྱི་བྱུང་དུས་དང་ནང་དོན། ཁྱབ་ཡུལ་སོགས་མི་འདྲ་བའི་སྐོར་འཁྱོག་བཤད། ཞི་ཙང་ཞེས་པ་དེ་རྒྱ་ནག་རྒྱལ་ཁབ་ཀྱི་ཁྲིམས་དང་མཐུན་ཚུལ་བཤད་ཡོད་སྐོར་འགྲེལ་བརྗོད་གནང་སོང་།
ཁོང་གིས་མུ་མཐུད་ནས་བརྗོད་དོན། འོན་ཀྱང་། རྒྱ་ནག་མན་རྒྱལ་རབས་སྐབས་བོད་ལ་༼དབུས་སུ་གཙང་༽་དང་༼ཤི་ཧྥན༽་མང་དུ་བྲིས་ཡོད་པ་དང་། སྐབས་དེར་ས་ཁྲ་ཁག་ལས་༼དབུས་སུ་གཙང་༽་ནི་བོད་རྒྱ་གཉིས་ཀྱི་ས་མཚམས་ཏེ་ཁམས་དར་རྩེ་མདོ་ཉེ་འགྲམ་ལ་བཀོད་པ་མ་གཏོགས། དབུས་གཙང་ས་ཁུལ་གཅིག་པོར་གོ་བ་རིགས་བྱུང་མི་འདུག རྒྱ་ཡིག་ནང་ཞི་ཙང་ཟེར་བ་དེ་ཐོག་མར་གཙང་པ་རྒྱལ་པོ་ལས་བྱུང་བ་འདྲ། མན་རྒྱལ་རབས་སྐབས་བོད་གཞུང་གིས་དབང་བསྒྱུར་བྱས་པའི་ས་ཁུངས་ལ་གོ མན་རྒྱལ་རབས་སྐབས་ཐཱོ་པོ་(Tibet)་དང་སྒྲ་གཅིག་མཚུངས་་ཐཱོ་པོ་ཐི་(土伯特) སོགས་བེད་སྤྱོད་བཏང་བ་མང་པོ་འདུག ཅེས་བརྗོད་སོང་།
དེ་ནས་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་རྒྱ་གཞུང་གིས་བོད་ཀྱི་ཐ་སྙད་རྫུན་བཟོ་བྱེད་སྐོར་དང་འཁྱོག་བཤད་ཇི་ལྟར་བྱེད་ཡོད་མེད་སྐོར་ཐོག་གཏམ་བཤད་གནང་སོང་། ཁོང་གིས་རྒྱལ་ཁབ་དང་ས་གནས་ཀྱི་མིང་བསྒྱུར་བའི་ལོ་རྒྱུས་སྐོར་ངོ་སྤྲོད་མདོར་བསྡུས་དང་རྒྱལ་ཁབ་མིང་དེ་འགྱུར་བ་གཏོང་བ་དེ་མིང་ཚིག་འགྱུར་བ་བཏང་བ་ཙམ་མིན་པ་དེ་ནི་བདག་དབང་སུར་ཡོད་མེད་མཚོན་གྱི་ཡོད་པ་དང་། རྒྱ་གཞུང་གིས་བོད་(Tibet) དེ་ནག་བསུབ་གཏོང་ཐབས་བྱེད་པ་དེ་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་། ངོ་བོ། ༸གོང་ས་མཆོག་གི་མཛད་རྗེས་དང་བོད་འཐབ་རྩོད་ཀྱི་བྱས་རྗེས་སོགས་མེད་པ་བཟོ་ཐབས་ཀྱི་བྱ་སྤྱོད་ཅིག་རེད་ཞེས་སྐྱོན་བརྗོད་གནང་སོང་། དེར་བརྟེན། ང་ཚོས་ངོས་ནས་དེ་ལ་གདོང་ལེན་ཇི་ལྟར་བྱེད་དགོས་སམ། ང་ཚོས་རྒྱ་ནག་གི་བྱ་སྤྱོད་ངན་པ་དེར་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་དང་། ཞི་ཙང་བེད་སྤྱོད་གཏོང་མཁན་གྱི་རྒྱལ་ཁབ་དང་འགྲེམས་སྟོན། གསར་འགྱུར་བརྒྱུད་ལམ་ཁག་སོགས་ལ་ངོ་རྒོལ་དང་ཞུ་གཏུགས་བྱེད་དགོས། མི་མང་ལ་གོ་རྟོགས་སྤེལ་དགོས། དེ་དག་ནི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གཅིག་པོའི་འགན་འཁྲི་མ་ཡིན་པ་བོད་མི་རེ་རེའི་འགན་འཁྲི་རེད་ཅེས་བརྗོད་སོང་།
དེའི་རྗེས། བསྟན་འཛིན་པ་སངས་ལགས་ཀྱིས་བོད་མི་ངོས་ནས་རྒྱ་གཞུང་གི་འཁྱོག་བཤད་ལ་ཇི་ལྟར་གདོང་ལེན་བྱ་དགོས་མིན་དང་ཐབས་ལམ་སྐོར་ནས་བརྗོད་དོན། བོད་མི་ཚོས་རྒྱ་གཞུང་གིས་ཞི་ཙང་ཟེར་བ་དེ་བེད་སྤྱོད་བཏང་བ་དེར་ངོ་རྒོལ་གྱི་ལས་འགུལ་སྤེལ་དགོས་པ་མ་ཟད། རང་དབང་ཅན་གྱི་རྒྱལ་ཁབ་ནང་དུ་ཞི་ཙང་བེད་སྤྱོད་གཏོང་མཁན་འགྲེམས་སྟོན་ཁང་དང་གསར་ཁང་བཅས་ལ་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་དགོས་པ་དང་། སློབ་གྲྭ་ཁག་དང་གཞུང་གི་ལས་ཁུངས་ཁག དེ་བཞིན་མི་མང་བཅས་ལ་རྒྱ་གཞུང་གི་བོད་དེ་ཞི་ཙང་བསྒྱུར་བཞིན་པ་དེ་ནི་བོད་ཀྱི་ལོ་རྒྱུས་ནག་བསུབ་གཏོང་ཐབས་ཀྱི་སྲིད་བྱུས་ངན་པ་ཞིག་ཡིན་པ་གོ་རྟོགས་སྤེལ་དགོས། ཞེས་འགྲེལ་བརྗོད་གནང་སོང་།
དེ་ནས་དྲི་བ་དྲི་ལན་བྱེད་འགོ་བརྩམས་སོང་། སྐབས་དེར། འདི་ག་གསར་ཁང་ནས་བོད་དེ་རྒྱ་ཡིག་ནང་ཞི་ཙང་ཅེས་པ་དེ་ཐཱོ་པོ་ཞེས་པ་འབྲི་དགོས་སམ་ཞི་ཙང་ཞེས་པ་དེ་རང་འཇག་ན་བཟང་ངམ། རྒྱ་ཡིག་ནང་ཞི་ཙ་དང་ཐཱོ་པོ་བེད་སྤྱོད་སྔ་ཤོས་གང་བཏང་ཡོད་མེད་སྐོར་འདྲི་སྐབས། སྐུ་ངོ་ཟླ་བ་ཚེ་རིང་ལགས་ཀྱིས་བརྗོད་དོན། རྒྱ་ཡིག་ནང་བོད་དེ་མུ་མཐུད་ནས་ཞི་ཙང་བེད་སྤྱོད་བཏང་ན་ཁྱད་པ་མེད་པ་དང་གཙོ་བོ་དབྱིན་ཡིག་ནང་ཐཱོ་པོ་(Tibet)དེ་ཞི་ཙང་(Xizang)་བེད་སྤྱོད་གཏོང་རྒྱུ་མེད་སྐོར་དང་རྒྱ་ཡིག་ནང་ཐཱོ་པོ་བེད་སྤྱོད་བཏང་ན་རྒྱ་ཡིག་ཀློག་མཁན་ཚོས་ཐཱོ་པོ་དེ་བོད་ཡིན་པ་ཤེས་ཀྱི་མེད། ཐཱོ་པོ་དེ་རྒྱ་ཡིག་ནང་འཚོལ་ཞིབ་བྱེད་སྐབས་ཐཱོ་པོ་དེ་སྔོན་མ་ཞི་ཙང་གི་མིང་རེད་ཅེས་འགྲེལ་བརྗོད་བྱེད་ཀྱི་རེད། དེར་བརྟེན། བབ་ས་དེ་རང་འཇག་ཞི་ཙང་ཐོག་བབ་ཡོང་གི་རེད། དེར་བརྟེན། རྒྱ་ཡིག་ནང་ཞི་ཙང་དེ་བོད་ཆོལ་ཁ་གསུམ་ལ་གོ་ཡི་ཡོད་པ་དང་། གཙོ་བོ་མིང་ཚིག་རྩོད་པ་དེ་མ་རེད། གཙོ་བོ་ཞི་ཙང་དེ་འགྲེལ་བརྗོད་ག་ཚོད་བྱེད་ཐུབ་མིན་ལ་རག་ལས་ཡོད་པ་རེད། ཅེས་བརྗོད་བྱུང་།
མཐའ་མར། གོང་གི་གཏམ་བཤད་པ་རྣམས་ཀྱིས་༼ བོད་ཡུན་གནས་ཐུབ་དགོས། གོ་ལའི་གླེང་མོལ་ནང་གི་བོད། ནག་བསུབ་དང་འགོག་རྒོལ། ༽ཞེས་པའི་བཞུགས་མོལ་བགྲོ་གླེང་བ་ཐུན་མོང་གི་བསྒྲགས་གཏམ་ཞིག་སྤེལ་སོང་། དེའི་ནང་དུ་འཁོད་དོན། དེ་རིང་ང་ཚོ་ཐུན་མོང་གིས་བསྒྲགས་གཏམ་འདི་སྤེལ་ཏེ་ཉེ་བའི་ཆར་རྒྱ་ནག་གཞུང་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ངོ་བོ་དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ནས་ནག་བསུབ་དང་རྩ་མེད་གཏོང་རྒྱུར་འབད་བརྩོན་ ཤུགས་ཆེར་བྱེད་བཞིན་པའི་བྱ་སྤྱོད་ལ་ཁ་གཏད་གདོང་ལེན་བྱེད་རྒྱུ་དང༌། རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁམས་དང་ཆབ་སྲིད་ཀྱི་གནས་བབས་ལ་འཁྱོག་བཤད་དང་། བོད་ཀྱི་རིག་གཞུང་སྐད་ཡིག་དང་བཅས་པར་དམ་དྲག་དང་དྲག་གནོན་བྱེད་བཞིན་པའི་འབད་བརྩོན་འདི་དག་ལ་ང་ཚོས་ངེས་པར་དུ་མཉམ་རུབ་ཀྱི་ཐོག་ནས་ གདོང་ལེན་བྱེད་རྒྱུ་ཡིན། དམིགས་བསལ་རྒྱལ་སྤྱིའི་སྤྱི་ཚོགས་དང༌། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག མི་སྒེར་བཅས་ ཚང་མས་གཤམ་གསལ་དོན་ཚན་ཁག་ལ་འཕྲལ་དུ་ལག་ལེན་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡང་ཞུ་རྒྱུ་ཡིན།
༡། བོད་ལ་ “ཤི་ཙང་།” དང་། “ཀྲུང་གོའི་ནུབ་ཕྱོགས།” “ཀྲུང་གོའི་བོད།” ཅེས་པའི་ཐ་སྟད་བེད་སྤྱོད་གཏོང་རྒྱུར་དགག་བྱ་བྱེད་དགོས། རྒྱལ་སྤྱིའི་གླེང་སྟེགས་སུ་“ཤི་ཙང་།”དང་། “ཀྲུང་གོའི་ནུབ་ཕྱོགས།”ཡང་ན།“ཀྲུང་གོའི་བོད།” ལྟ་བུའི་ཐ་སྙད་བཀོལ་སྤྱོད་བྱེད་རྒྱུ་འཕྲལ་དུ་མཚམས་འཇོག་དགོས་པའི་རེ་འདུན་ཞུ་རྒྱུ་ཡིན། ཐ་སྟད་འདི་དག་ནི་བོད་ཀྱི་ལོ་རྒྱུས་དང་ཆབ་སྲིད་ཀྱི་དངོས་དོན་འཁྱོག་བརྗོད་ལ་དམིགས་པའི་རྒྱ་ནག་གཞུང་གིས་བོད་རྒྱ་བསྒྱུར་སྲིད་བྱུས་ཀྱི་ཆ་ཤས་ཤིག་ཡིན་པ་མ་ཟད། “ཤི་ཙང་” ཞེས་པ་ནི་བོད་ཀྱི་ཁྲིམས་མཐུན་གྱི་མིང་ཞིག་མིན་པས། བོད་ལ་བོད་རང་ཉིད་ཀྱི་བདག་དབང་ཡོད་པའི་ཐ་སྟད་དམ་མིང་ཞིག་ཡོད་པ་དེར་ངོས་འཛིན་གྱིས་གཞུང་དང༌། གསར་འགྱུར་བརྒྱུད་ལམ། ཤེས་ཡོན་གྱི་བསྟི་གནས། རྒྱལ་སྤྱིའི་ཚོགས་སྡེ་བཅས་ནས་བོད་ཀྱི་ངོ་བོ་དང་ལོ་རྒྱུས་སྲུང་སྐྱོབ་ཆེད་གླེང་སྟེགས་འདྲ་མིན་ཐོག་བོད་ཀྱི་མིང་ངོ་མ་ “བོད་” ཅེས་པའི་ཐ་སྙད་འདི་བཀོལ་སྤྱོད་གཏོང་གནང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།
༢། འཛམ་གླིང་ས་ཁྲའི་སྟེང་དུ་བོད་ཀྱི་མཚོན་དོན་ངེས་པར་དུ་མ་ནོར་བར་འགོད་དགོས། བོད་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཤིག་མིན་པར་རང་བཙན་རྒྱལ་ཁབ་ཅིག་ཡིན་པས་འཛམ་གླིང་ས་ ཁྲའི་ཐོག་དེ་ལྟར་གསལ་སྟོན་དགོས་པའི་རེ་འདུན་ཞུ་རྒྱུ་དང༌། རྒྱ་གཞུང་ནས་ཐབས་བརྒྱ་བྱུས་སྟོང་གིས་རྒྱལ་སྤྱིའི་ས་ཁྲའི་ཐོག་བོད་དེ་ རྒྱ་ནག་གི་ཆ་ཤས་ཡིན་པར་སྟོན་བཞིན་པ་ནི་བོད་ཀྱི་དངོས་ཡོད་གནས་ཚུལ་ལ་ལོག་འགྲེལ་བྱས་པ་ཞིག་ཡིན་པ་མ་ཟད། བོད་ཐོག་རྒྱ་ ནག་སྲིད་གཞུང་གིས་ཁྲིམས་འགལ་གྱིས་ཧམ་བཤད་བྱེད་བཞིན་པ་དེ་དག་ད་དུང་ཤུགས་ཆེ་རུ་གཏོང་བཞིན་ཡོད་པས། ང་ཚོས་རྒྱལ་སྤྱིའི་ཤེས་ཡོན་ལྟེ་གནས་དང་། གཞུང་། གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་ལ་བོད་འདི་ལོ་རྒྱུས་དང༌། རིག་གཞུང༌། ཆབ་སྲིད་ཀྱི་ གནས་བབས་གང་ས་ཅི་ཐད་ནས་ཀྱང་རྒྱ་ནག་ལས་ཐ་དད་ཡིན་པ་དེ་ཇི་མ་ཇི་བཞིན་སྟོན་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། འདི་ནི་ས་ ཁམས་གནས་སྟངས་ཙམ་མ་ཡིན་པར་བོད་ཀྱི་ཐུན་མིན་གྱི་ངོ་བོར་ངོས་ལེན་དང་། དེ་ལ་དེའི་ཐོབ་དབང་གི་ངོས་འཛིན་སྤྲད་པ་ཞིག་ཆགས་ཡོད།
༣། བོད་ཀྱི་ཆོས་དང་རིག་གཞུང་རྒྱ་ནག་ཅན་དུ་བསྒྱུར་ཐབས་མཚམས་འཇོག་དགོས། རྒྱ་ནག་གཞུང་གིས་བོད་མི་རིགས་ཧན་མི་རིགས་ཀྱི་རིག་གཞུང་དང་ཆབ་སྲིད་ཀྱི་ལམ་ལུགས་སུ་བཙན་བསྒྱུར་བྱེད་བཞིན་ པའི་སྲིད་བྱུས་འདི་དག་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་། རིག་གཞུང༌། ཡུལ་སྲོལ་གོམས་གཤིས་བཅས་ལ་ཐད་ཀར་དོ་ཕོག་བཏང་བ་ཞིག་ཡིན་པས། ང་ཚོའི་རེ་བར་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་དམར་སྲིད་གཞུང་ལ་སྐྱོན་བརྗོད་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུ་རྒྱུ་ཡིན། རྒྱ་ནག་གཞུང་གིས་བོད་རྒྱ་ནག་ཅན་དུ་བསྒྱུར་བའི་སྲིད་བྱུས་ལ་བརྟེན་ནས་བོད་ནང་རྒྱ་སྐད་དང་རྒྱ་ཡིག་གི་སློབ་གསོ་བཙན་འགེལ་དང༌། བཙན་དབང་གིས་ཆོས་ལུགས་གཅིག་གྱུར་བཟོ་བ། བོད་བརྒྱུད་ནང་བསྟན་གྱི་ལྟེ་གནས་ཁག་ལ་དམ་དྲག བོད་ཀྱི་རིག་ གནས་ཀྱི་ལྟེ་གནས་ཁག་གཏོར་བཤིག་ཚབས་ཆེན་བཏང་དང་གཏོང་མུས་ཡིན་པར་སོང་། ང་ཚོས་རྒྱ་ནག་གཞུང་ལ་སྲིད་བྱུས་དེ་རིགས་ འཕྲལ་དུ་མཚམས་འཇོག་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་ལ་བརྩི་བཀུར་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན།
༤། བོད་རྒྱ་བསྒྱུར་གྱི་རྒྱ་ནག་གི་སྲིད་བྱུས་ལ་རྒྱལ་སྤྱིའི་རང་བཞིན་ཅན་གྱི་གོ་རྟོགས་དང་ངོ་རྒོལ་གྱི་ལས་འགུལ་སྤེལ་དགོས། མཐའ་དོན་ང་ཚོའི་རེ་བར་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག དེ་བཞིན་མི་སྒེར་བཅས་ཚང་མས་བོད་དོན་ལ་རྒྱབ་སྐྱོར་དང་རྒྱ་ནག་གིས་བོད་ཀྱི་ཆོས་དང་། རིག་གཞུང༌། ལོ་རྒྱུས་བཅས་རྒྱ་བསྐྱུར་བྱེད་བཞིན་པ་ལ་དངོས་སུ་འགོག་རྒོལ་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་མ་ཟད། རྒྱ་ནག་གཞུང་འབྲེལ་གྱི་བོད་སྐོར་གྱི་འཁྱོག་བཤད་དེ་དག་བེད་སྤྱོད་གཏོང་རྒྱུར་ངོ་རྒོལ་དང་། བོད་དང་བོད་མིའི་སྐོར་གྱི་ཕྱོགས་ལྷུང་མེད་པའི་གནས་ཚུལ་ཁུངས་བདེན་རྣམས་ཁྱབ་སྤེལ་གང་མང་གནང་རོགས་ཞེས་ཞུ་རྒྱུ་ཡིན། གཞན་ཡང་། བོད་ཀྱི་དངོས་ཡོད་གནས་ཚུལ་གསལ་སྟོན་དང་རྒྱ་དམར་སྲིད་གཞུང་ནས་བོད་ཀྱི་ངོ་བོ་འཛམ་གླིང་གི་སྡིངས་ཆ་ནས་ནག་ སུབ་གཏོང་ཐབས་བྱེད་བཞིན་པར་ཁ་གཏད་གདོང་ལེན་གྱིས་རྒྱལ་སྤྱིའི་རང་བཞིན་གྱི་གོ་རྟོགས་ལས་འགུལ་རྒྱུན་མཐུད་ནས་སྤེལ་གནང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་བརྗོད་སོང་།