ཕྱི་ལོ་༢༠༢༥ ཟླ་བ་༢ ཚེས་༦ ཉིན། དེ་སྔ་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་དང་བོད་ཀྱི་དཔེ་མཛོད་ཁང་དུ་ཕྱག་ལས་གནང་མྱོང་མཁན། སོག་པོ་སོགས་སུ་ཕེབས་ནས་དགོན་པ་གསར་རྒྱག་གནང་མཁན། དེ་བཞིན་༧སྤྱི་ནོར་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་སྒྲུབ་མཁན་སྐྱབས་རྗེ་ཡེ་ཤེས་བློ་གྲོས་རིན་པོ་ཆེ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག
དེ་ཡང་། སྐྱབས་རྗེ་ཡེ་ཤེས་བློ་གྲོས་རིན་པོ་ཆེ་མཆོག་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་ཌུར་གོང་ཚེས་ཉིན་གྱི་ས་གནས་ཀྱི་དགོང་དྲོའི་ཚོུད་ ༩ དང༌། སྐར་མ་ ༡༤ ཐོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་རྗེས། དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་དང་། དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་སྤོར་ར་ཁང་ཚན། དཔལ་ལྡན་འབྲས་སྤུངས་སྒོ་མང་ཧོར་གདོང་ཁང་མཚན། དཔལ་ལྡན་འབྲས་སྤུངས་སྒོ་མང་ཧོར་གདོང་ཝ་ཤུལ་མི་ཚན། ལི་ཐང་དགེ་རྩ་ཚོགས་པ། དགེ་ལུགས་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་སོགས་ནས་ཡིད་སྐྱོ་བའི་མྱ་ངན་ཞུ་ཡིག་ཕུལ་འདུག
དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་་ཡིད་སྐྱོ་བའི་མྱ་ངན་ཞུ་ཡིག་ནང་དུ་འཁོད་དོན། དམ་པའི་སྐྱེས་རབས་ཀྱི་ཕྲེང་བས་མཛེས་ཤིང་བསྟན་པའི་གསལ་བྱེད་ཆེན་པོ་སྐྱབས་རྗེ་སྐུ་ཕྱོགས་ཡེ་ཤེས་བློ་གྲོས་རིན་པོ་ཆེ་མཆོག་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་ཌུར་ཕྱི་ལོ་ ༢༠༢༥ ཟླ་༢ ཚེས་༦ ཉིན་གྱི་ས་གནས་ཀྱི་དགོང་དྲོའི་ཚོུད་༩ དང༌། སྐར་མ་ ༡༤ ཐོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག་པར། འདི་ག་དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་མཁན་བླ་འདུས་མང་ཡོངས་གྱིས་དམ་པ་ཁོང་ལ་གདུང་ཤུགས་དྲག་པོས་མྱ་ངན་གུས་འདུད་དང་གསོལ་འདེབས་སྨོན་ལམ་ཞུ་རྒྱུ་མ་ཟད། འབྲེལ་ཡོད་ཤུལ་ལུས་སློབ་ཚོགས་དད་འབངས་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཀྱིས་ཐུགས་གསོ་བཅོས་མིན་དུ་ཞུ་བ་ལགས།
རིན་པོ་ཆེ་མཆོག་ནི་ཁམས་ལི་ཐང་ཕྱོགས་སུ་ཕྱི་ལོ་༡༩༤༠ ལོར་སྐུ་འཁྲུངས་པ་དང༌། ཕྱི་ལོ་༡༩༥༥ ལོར་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་དང་ཐུགས་གཉེར་གནང༌། ཕྱི་ལོ་ ༡༩༥༩ ལོའི་དུས་འགྱུར་སྐབས་འབྲུག་བརྒྱུད་ནས་སྦག་སར་འབྱོར་ཏེ་དེ་གར་ཐུགས་གཉེར་དང༌། ཕྱི་ལོ་༡༩༦༩ ལོར་རྒྱ་གར་ལྷོ་ཕྱོགས་སུ་ཆོས་སྒར་གནས་སྤོས་བྱས་རྗེས་སྒོ་མང་གྲྭ་ཚང་དུ་མུ་མཐུད་དུ་ཆོས་ཚོགས་འགྲིམས། སྐབས་ཤིག་ལོ་ངོ་གསུམ་རིང་ཝ་ར་ཎཱ་སིར་ཨཙཱརྱའི་སློབ་སྦྱོང་དུ་ཕེབས། ཕྱི་ལོ་ ༡༩༧༩ ལོར་དགེ་བཤེས་ཐོན། དེ་ནས་བོད་ཀྱི་དཔེ་མཛོད་ཁང་དུ་གསུང་རབ་ཀྱི་དཀར་ཆག་སྒྲིག་པའི་ཕྱག་ལས་གནང༌། ཕྱི་ལོ་༡༩༨༡ ལོར་རང་གཞུང་ཆོས་རིག་ལྷན་ཁང་དང༌། སོག་ཡུལ་དགའ་ལྡན་དགོན་པའི་བར་སྔར་ཡོད་བོད་སོག་གི་འབྲེལ་ལམ་གོང་འཕེལ་དང༌། ཕྱོགས་ཕན་ཚུན་གྱི་དགེ་སློབ་བསུ་གཏོང་སོགས་ཀྱི་བཀའ་མོལ་བྱུང་དོན་ལྟར། སྒོ་མང་གྲྭ་ཚང་ནས་རིན་པོ་ཆེ་མཆོག་སོགས་སོག་ཡུལ་དུ་ཆེད་གཏོང་གནང་ཞིང་སོག་ཡུལ་གྱི་རྒྱལ་བསྟན་སླར་གསོ་ལ་ཞབས་འདེགས་ཞུས། ཕྱི་ལོ་༡༩༩༡ ལོར་སླར་ཡང་རང་གཞུང་ཆོས་རིག་ལྷན་ཁང་ནས་སོག་ཡུལ་དུ་དགེ་རྒན་ལ་ཆེད་གཏོང་གནང༌།
ཕྱི་ལོ་༡༩༩༣ ལོ་ཡས་མས་ནས་ར་ཤི་ཡའི་རྒྱལ་ཁོངས་བྷོརྱདའི་ཡུལ་དུ་གདན་ཞུས་ལྟར་ཕེབས་པ་སོགས་བྱང་ཕྱོགས་ཀྱི་ཡུལ་གྲུ་མང་བོར་སྔར་གྱི་བཤད་སྒྲུབ་ཀྱི་བསྟི་གནས་ཁག་སླར་གསོ་དང་། ཆོས་འཆད་ཉན། དགེ་ཚུལ་སློང་གི་བསླབ་སྡོམ་འབོགས་ཆོག ༸གོང་ས་མཆོག་གིས་མཚན་བསྩལ་པ་དགེ་ལྡན་བཤད་སྒྲུབ་ཆོས་འཁོར་གླིང་སོགས་དགོན་པ་གསར་བཞེངས། ཆོས་ཚོགས་གསར་འཛུགས་སོགས་མཛད་དེ་༧སྤྱི་ནོར་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་དང་མཐུན་པར་རྒྱལ་བསྟན་ཡང་དར་ལ་ཕྱག་རྗེས་ཡོད་པ་ཞིག་ཡིན་པ་མ་ཟད། རང་རེའི་གྲྭ་ཚང་གི་སྐུ་དྲིན་ཅན་གྱི་སྦག་སའི་གནས་བརྟན་སྐུ་བགྲེས་ཞིག་དང༌། གྲྭ་ཚང་ལ་སྔ་ཕྱི་མང་བོར་ཕྱག་རོགས་ཕན་ནུས་ལྡན་པ་གནང་མཁན་ཞིག་ཡིན་པའི་བཀའ་དྲིན་དྲན་པའི་ངོས་ནས།
དེ་རིང་གི་འགག་རིང་ཐུང་གི་དམ་བཅའི་མཇུག་ཏུ་སྐྱབས་གནས་མཁན་རིན་པོ་ཆེ་དབུ་བཞུགས་ཐོག གྲྭ་ཚང་གི་དགེ་འདུན་འདུས་ཚོགས་ཀྱིས་བསྔོ་སྨོན་གསུང་འདོན་དང༌། ཁོང་གི་ཐུགས་ཟག་མེད་ཀྱི་དགོངས་པ་ཟབ་མོ་ཡོངས་སུ་རྫོགས་ཤིང༌། སླར་ཡང་བསྟན་འགྲོའི་མགོན་དུ་མྱུར་དུ་བྱོན་ནས་མཁས་བཙུན་བཟང་གསུམ་གྱི་རྣམ་ཐར་བདག་གིར་བཞེས་ཏེ་བསྟན་འགྲོའི་དོན་རྒྱ་ཆེན་པོ་མཛད་ཐུབ་པའི་ཐུགས་སྨོན་སྐྱབས་འཇུག་རྒྱ་གང་ཆེ་གནང་ཡོད་པ་བཅས། ཞེས་བཀོད་འདུག