25
མིག, གསུམ་པ།

Expired
བཙན་བྱོལ་གྱི་གསར་འགྱུར།
Typography
  • Smaller Small Medium Big Bigger
  • Default Helvetica Segoe Georgia Times

ཕྱི་ལོ་༢༠༢༥ ཟླ་༢ ཚེས་༡༠ ཉིན་སྤེལ། སྐུའི་གཅེན་པོ་དང་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་དགུང་ལོ་ ༩༧ ཐོག་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་རྗེས། བོད་ཕྱི་ནང་གཉིས་ཀའི་བོད་མི་རྣམས་ཀྱིས་སྐྱོ་གདུང་དྲག་པོས་མྱ་ངན་ཞུ་བཞིན་པ་དང་སྦྲགས། ཁོང་གི་ཆེད་དུ་མཆོད་འབུལ་སྨོན་ལམ་ཞུ་བཞིན་འདུག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་བཀྲ་ཤིས་ལྷུན་པོའི་ཆོས་གྲྭའི་ནང་དགའ་ལྡན་ཕོ་བྲང་གིས་གོ་སྒྲིག་ཞུས་པའི་སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་གི་འདས་མཆོད་ལ་དབུ་བཞུགས་མཛད་འདུག

དེ་ཡང་། གོང་ཚེས་ཉིན་གྱི་ཕྱི་རོལ་ཆུ་ཚོད་༥།༣༠་ཡས་མས་ལ་སྐུའི་གཅེན་པོ་དང་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་དགུང་ལོ་ ༩༧ ཐོག ཁོང་གི་བཞུགས་གནས་རྒྱ་གར་བྱང་ཕྱོགས་ཀ་ལིམ་པོང་གི་སྟག་མཚེར་གཟིགས་ཤག་ཏུ་སྐུ་གཤེགས་ཡོད་འདུག ཁོང་སྐུ་གཤེགས་པའི་གནས་ཚུལ་ཐོན་རྗེས། བོད་གཞིས་བྱེས་གཉིས་ཀྱི་བོད་མི་རྣམས་ཀྱི་སྤྱི་ཚོགས་དྲ་ལམ་དུ་ཁོང་སྐུ་གཤེགས་པར་མྱ་ངན་དང་མཆོད་འབུལ་སྨོན་ལམ་བྱས་དང་བྱེད་བཞིན་འདུག

ཕྱི་ལོ་ ༢༠༢༥ ཟླ་བ་ ༢ ཚེས་ ༩ ཉིན་གྱི་ཞོགས་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོའི་ཆོས་གྲྭའི་ནང་དགའ་ལྡན་ཕོ་བྲང་གིས་གོ་སྒྲིག་ཞུས་པའི་སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་གི་འདས་མཆོད་ལ་དབུ་བཞུགས་ཀྱིས་བཀའ་སློབ་སྩལ་ཡོད་འདུག ༸གོང་ས་མཆོག་གིས་གསུང་དོན། ངོས་ཀྱི་གཅེན་པོ་རྒྱལ་ལོ་དོན་གྲུབ་འདས་གྲོངས་ཕྱིན་པ་རེད། དེའི་འདས་མཆོད་དུ་འདིར་ཚོགས་བཞུགས་ཀྱི་དགེ་འདུན་པ་ཚོར་བསྙེན་བཀུར་བྱས་ནས་དམིགས་ཡུལ་གཙོ་བོ་དེ་ངོས་ཀྱི་གཅེན་པོ་རྒྱལ་ལོ་དོན་གྲུབ་ཀྱིས་ཧུར་ཐག་འབད་ཐག་ཧ་ཅང་ཡག་པོ་བྱས་པ་རེད། སྙིང་རྗེ། ཧ་ལས་པའི་སེམས་ཤུགས་དང་སྙིང་སྟོབས་ཆེན་པོ་རེད།

དེ་རིང་འདིར་འདས་མཆོད་བསྙེན་བཀུར་བྱས་ཏེ་ངོས་ཀྱི་གཅེན་པོ་རྒྱལ་ལོ་དོན་གྲུབ་རིམ་བཞིིན་སྐྱེ་གནས་བཟང་པོ་ཞིག་དང་། བོད་རིགས་རང་དུ་སྐྱེ་བ་དང་། དེའི་ནང་ནས་བོད་ཀྱི་བསྟན་པ་ཆབ་སྲིད་ལ་ཞབས་འདེགས་སྒྲུབ་མཁན་ཞིག་རྒྱུན་མཐུད་ནས་ཡོང་ཐུབ་པར་ཁོང་རང་གིས་སྨོན་ལམ་བརྒྱབ་ཡོད་པ་རེད་ལ། འདོད་པ་དེ་ཡོད་པ་རེད། ངོས་ཀྱི་ངོས་ནས་ཀྱང་སྨོན་ལམ་དེ་རྒྱག་གི་ཡོད། ཁོང་ལ་ཚེ་རབས་མང་པོར་༸རྒྱལ་བ་རིིན་པོ་ཆེའི་འཁྲིས་ལ་བསྡད་དེ་ཞབས་འདེགས་སྒྲུབ་པའི་སྨོན་ལམ་དང་སེམས་ཤུགས་ཡོད་པ་རེད། དེར་བརྟེན། དེ་ལྟ་བུའི་སྨོན་ལམ་སྟོབས་ཆེན་པོ་དེ་འགྲུབ་པར་ཚང་མས་སྐྱབས་འཇུག་གནང་རོགས་ཞུ་རྒྱུ་ཡིན། ཞེས་བཀའ་སློབ་སྩལ་ཡོད་འདུག

གཞན་ཡང་། ཟླ་འདིའི་ཚེས་༡༠ ཉིན། བཞུགས་སྒར་རྡ་རམ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ཆོལ་གསུམ་དབུས་རྒྱུན་ལས་ཁང་བཅས་ཀྱི་གོ་སྒྲིག་འོག རྡ་ས་ཁུལ་གྱི་སེར་སྐྱ་མི་མང་གིས་བཀའ་བློན་ཁྲི་ཟུར་དང་སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་གི་ཆེད་དུ་མཆོད་འབུལ་སྨོན་ལམ་ཞིག་སྔ་དྲོ་ཆུ་ཚོད་༩ པ་ནས་༡༠།༣༠ དབར་ཚོགས་སོང་། དེ་བཞིན་བོད་ནང་དང་རྒྱ་གར། ཨ་རི་དང་ཁེ་ན་ཌ། ཡུ་རོབ་གཙོས་པའི་འཛམ་གླིང་གང་སར་ཡོད་པའི་བོད་མི་ཚོས་སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་གི་འདས་མཆོད་བསྒྲུབས་དང་སྒྲུབ་བཞིན་པ་རེད།

ཟླ་འདིའི་ཚེས་༡༠ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་༢ ཐོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་༸སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་གི་ཆེད་དུ་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཞིག་ཚོགས་འདུག སྐབས་དེར་སྲིད་ཚབ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་གསུང་དོན། ༸སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་ཕྱི་ལོ་ ༢༠༢༥ ཟླ་བ་ ༢ ཚེས་ ༨ ཉིན་དགོངས་པ་རྫོགས་པའི་གནས་ཚུལ་ཚང་མས་མཁྱེན་གསལ་རེད། བོད་རྒྱ་དམར་གྱིས་ཕྲོགས་ནས་བཙན་བྱོལ་དུ་ཡོང་སྐབས་བོད་མི་མང་ཆེ་བས་ཐོས་རྒྱ་དང་མཐོང་རྒྱ། ཉམས་མྱོང་སོགས་གང་ཅིའི་ཐད་གནས་སྟངས་ཁག་པོ་ཞིག་གི་སྐབས་སུ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་གིས་སྐུ་ལས་བསྐྱོན་ཏེ་རྒྱ་གར་གྱི་སྲིད་བློན་དང་། རྒྱལ་སྤྱིའི་ཐོག་འབྲེལ་བ་གནང་རྒྱུ་སོགས་བོད་དོན་ཆེད་སྐུ་ལས་ཧ་ཅང་བསྐྱོན་ཡོད། ཅེས་གསུང་རྗེས་དམ་པ་ཁོང་ལ་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་སྐྱེ་མཚོན་སླད་ཉིན་རྒྱབ་ཆུ་ཚོད་ ༣ ནས་དབུས་ཀྱི་ལས་ཁུངས་ཁག་ལས་མཚམས་བཞག་ཡོད་འདུག

༸སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱ་ལོ་དོན་གྲུབ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཐུགས་གསོ་ཞུས་འདུག ཐུགས་གསོའི་གསུང་འཕྲིན་ནང་འཁོད་དོན། ༸སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱ་ལོ་དོན་གྲུབ་མཆོག་ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༨ ཕྱི་དྲོར་སྙུན་བཞེས་ཀྱིས་དགུང་གྲངས་ ༩༧ ཐོག་ཀ་སྦུག་སྟག་འཚེར་གཟིམ་ཤག་ཏུ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར། ཤིན་ཏུ་ཡིད་གདུང་དང་བློ་ཕམ་གྱི་གནས་སུ་གྱུར། དམ་པ་གང་གི་ཤུལ་ལུས་སྐུ་སྲས་ཀྱིས་དབུས་ཉེ་འབྲེལ་སྐུ་འཁོར་ལྟོས་བཅས་རྣམས་ཐུགས་ཡིད་གདུང་ཆེན་པོའི་ངང་ཡོད་ངེས་ཀྱང་། ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོའི་ཆོས་གྲྭའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་དམ་པ་གང་གི་འདས་མཆོད་མཆོད་འབུལ་སྐབས་བཀའ་བསྩལ་དོན། གང་གི་གཅེན་པོ་དམ་པ་ཁོང་ནི་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་སྙིང་སྟོབས་དང་སེམས་ཤུགས་ཆེན་པོས་ཞབས་འདེགས་ཧུར་སྐྱེད་གནང་མཁན་ཞིག་ཡིན་པ་དང་། རྒྱུན་མཐུད་ནས་བོད་བསྟན་སྲིད་ལ་ཞབས་འདེགས་སྒྲུབ་མཁན་ཞིག་ཏུ་སྐྱེ་བའི་ཐུགས་སྨོན་མཛད་ཡོད་པས། འཇིག་རྟེན་གྱི་སྐྱེ་འགྲོ་ཀུན་ལ་སྐྱེ་འཆིའི་རང་དབང་མེད་པ་ཆོས་ཉིད་ལ་དགོངས་པ་རྒྱ་ཆེ་བཞེས་པ་དང་འབྲེལ་དམ་པ་དེ་ཉིད་ཀྱི་ཆེད་རྣམ་དཀར་དགེ་ཚོགས་ཀྱི་གནང་སྒོ་རིམ་པར་གནང་བཞིན་ཡོད་པ་གཞིར་བཅས།

འདི་ནས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་ ༡༠ པར་སྤྱི་མཚུངས་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་བཞག་ཟིན་རྗེས་འབུལ་ལམ་ཞུ་རྒྱུ་དང་། དམ་པ་དེ་ཉིད་ཀྱིས་བོད་བསྟན་སྲིད་མི་རིགས་དང་། བོད་མིའི་སྒྲིག་འཛུགས། བོད་རྒྱ་ཆེའི་མང་ཚོགས་བཅས་ཀྱི་དོན་དུ་ཞབས་ཞུ་མཐར་སོན་གནང་བའི་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་དང་། མཆོག་གསུམ་རྒྱལ་བའི་སྤྱན་སྔར་མཆོད་སྤྲིན་དང་བཅས་གང་གིས་ཚེ་རབས་ཀུན་ཏུ་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་ནས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་སྨོན་མཛད་པ་དེ་དེ་བཞིན་དུ་གྲུབ་པ་དང་། ཚེ་རབས་ཀུན་ཏུ་འཕགས་མཆོག་ཕྱག་ན་པདྨོའི་རྗེས་སུ་བཟུང་སྟེ། རྣམ་མཁྱེན་རྒྱལ་བའི་གོ་འཕང་ལ་མྱུར་དུ་རེག་པའི་སྨོན་འདུན་དང་སྦྲགས། ཤུལ་ལུས་སྐུ་སྲས་ཀྱིས་དབུས་ཉེ་འབྲེལ་སྐུ་འཁོར་ལྟོས་བཅས་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་ཞེས་འཁོད་འདུག་པ་བཅས།།

བཀའ་བློན་ཁྲི་ཟུར་ལྷ་སྲས་རྒྱལ་ལོ་དོན་གྲུབ་མཆོག་ནི་ཕྱི་ལོ་༡༩༢༨ ཟླ་བ་ ༡༡ ཚེས་ ༥ ཉིན་མདོ་སྨད་སྟག་འཚེར་དུ་སྐུ་འཁྲུངས་ཤིང་། ཕྱི་ལོ་ ༡༩༤༢ ལོར་དགུང་ལོ་ ༡༤ ཐོག་རྒྱ་ནག་ཏུ་ཕེབས་ནས་རྒྱ་ཡིག་དང་རྒྱ་ནག་གི་ལོ་རྒྱུས་ཐོག་སློབ་གཉེར་གནང་་ཡོད་འདུག ཕྱི་ལོ་ ༡༩༥༩ ལོར་རྒྱ་དམག་གིས་བོད་ཤར་ཕྱོགས་ནས་བཙན་འཛུལ་བྱེད་འགོ་བཙུགས་པ་ནས་བཟུང་རྒྱུ་རྐྱེན་འདྲ་མིན་ལ་བརྟེན་ཁོང་རྒྱ་ནག་ནས་བོད་དུ་ཕྱིར་ཕེབས་མ་ཐུབ་པར་རྒྱ་གར་དུ་ཕེབས་དགོས་བྱུང་། རྒྱ་གར་དུ་བཞུགས་སྐབས་ཨ་རིར་དབུས་གསང་བའི་ལས་ཁུངས་དང་ཐོག་མར་འབྲེལ་བ་བྱུང་ཞིང་ཕྱི་ལོ་ ༡༩༥༡ ལོར་ཨ་རིར་ཕེབས། ཨ་རིར་དབུས་གསང་བའི་ལས་ཁུངས་ཀྱིས་བོད་མི་འཐབ་རྒོལ་བ་བརྒྱ་ཕྲག་ལ་གསང་བའི་ཐོག་ནས་སྦྱོང་བརྡར་སྤྲད།

ཕྱི་ལོ་ ༡༩༥༩ ལོར་༸གོང་ས་མཆོག་རྒྱ་གར་དུ་བཙན་བྱོལ་དུ་མ་ཕེབས་གོང་ནས་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་དང་རྒྱ་གར་གཞུང་དབར་འབྲེལ་བ་བྱུང་ཡོད་ལ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་དུ་ཞབས་སོར་འཁོད་སྐབས་རྒྱ་གར་གྱི་སྲིད་བློན་ནེཧ་རུ་མཆོག་གི་དབུས་རྒྱ་གར་དབུས་གཞུང་གི་དཔོན་རིགས་རྣམས་དང་འབྲེལ་བ་ཞུ་རྒྱུའི་ཐུགས་འགན་གཙོ་བོ་བཞེས། དེ་བཞིན་ལོ་རབས་ལྔ་བཅུའི་མཇུག་དང་དྲུག་ཅུའི་ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་བོད་དོན་ཞུ་གཏུག་གནང་རྒྱུའི་ཕྱག་ལས་ཤུགས་ཆེ་གནང་ཞིང་། བོད་དོན་ཐད་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་ལོ་རྒྱུས་རང་བཞིན་ལྡན་པའི་གྲོས་ཆོད་ཁག་གསུམ་བཞག

ཕྱི་ལོ་ ༡༩༧༩ ཟླ་བ་ ༣ པའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་འབྲེལ་ལྟར་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཆེད་ཕེབས་ཀྱིས་རྒྱ་ནག་གི་འགོ་ཁྲིད་ཏིང་ཞའོ་ཕིང་དང་མཇལ་འཕྲད་ཐོག་མ་དེ་གནང་སྟེ་དེའི་རྗེས་འབྲེལ་དུ་ཕྱི་ཟླ་༨ ནང་སྐུ་ཚབ་ཚོགས་པ་ཐེངས་དང་པོ་དེ་ཕེབས་ཐུབ་པ་བྱུང་ཡོད། ཕྱི་ལོ་༡༩༨༡ དང་༡༩༩༠ ལོའི་ནང་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་མཚན་ཐོག་གཞུང་འབྲེལ་མིན་པའི་ངོ་བོའི་ཐོག་རྒྱ་ནག་གི་དཔོན་རིགས་དང་མཇལ་འཕྲད་ཐེངས་འགའ་གནང་ཡོད། ཕྱི་ལོ་ ༡༩༩༡ ཟླ་བ་ ༨ ཚེས་ ༩ ནས་ཕྱི་ལོ་ ༡༩༩༣ ཟླ་བ་ ༡ ཚེས་ ༢༥ བར་བཀའ་བློན་ཁྲི་པའི་མཛད་འགན་བཞེས། ཕྱི་ལོ་༡༩༩༡ ཟླ་བ་ ༨ ཚེས་ ༡༩ ནས་ཕྱི་ལོ་ ༡༩༩༣ ཟླ་བ་ ༨ ཚེས་ ༨ བར་བདེ་སྲུང་བཀའ་བློན་གྱི་མཛད་འགན་བཞེས། ཕྱི་ལོ་ ༢༠༢༥ ཟླ་བ་ ༢ ཚེས་ ༨ ཉིན་དགོངས་པ་རྫོགས་ཡོད་འདུག