25
མིག, གསུམ་པ།

Expired

ཕྱི་ལོ་༢༠༢༥ ཟླ་བ་༢ ཚེས་༥་ནས་༧་བར། རྒྱ་གར་ཧིན་དུའི་ཆོས་ཕྱོགས་ཀྱི་འདུ་འཛོམས་མ་ཧ་ཀུམ་མར་ལའི་དུས་སྟོན་ཐོག་བོད་དོན་གོ་རྟོགས་ཀྱི་ལས་འགུལ་སྤེལ་བཞིན་ཡོད་འདུག

བཙན་བྱོལ་གྱི་གསར་འགྱུར།
Typography
  • Smaller Small Medium Big Bigger
  • Default Helvetica Segoe Georgia Times

ཕྱི་ལོ་༢༠༢༥ ཟླ་བ་༢ ཚེས་༦ ཉིན། རྒྱ་གར་མངའ་སྡེ་ཨུ་ཊར་གྱི་གྲོང་ཁྱེར་པར་ཡཱ་གྷི་ར་ཇི་(Prayagraj) འཚོགས་བཞིན་ཡོད་པའི་རྒྱ་གར་ཧིན་དུའི་ཆོས་ཕྱོགས་ཀྱི་འདུ་འཛོམས་ཆེ་ཤོས་སུ་གྲགས་པའི་དུས་སྟོན་དང་བསྟུན། ལྡི་ལིར་རྟེན་གཞི་བྱས་པའི་འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་ལས་བྱེད་ཁག་ཅིག་གིས་བོད་ནི་རྒྱ་གར་གྱི་ཁྱིམ་མཚེས་ཡིན་ཞེས་པའི་བརྗོད་གཞིའི་འོག་རྒྱ་གར་གྱི་མཁས་དབང་དང་། ལྟ་གྲུབ་སྨྲ་བ། སློབ་ཕྲུག དེ་བཞིན་རྒྱ་གར་མང་ཚོགས་ཁྲོད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བོད་དོན་འབྲེལ་བའི་དཔེ་དེབ་དང་། བོད་དོན་ངོ་སྤྲོད་དེབ་ཆུང་སོགས་རིན་མེད་ཐོག་འགྲེམས་སྤེལ་གནང་ནས་འཕགས་བོད་གཉིས་ཀྱི་ལོ་རྒྱུས་དང་། ཆོས་དང་རིག་གཞུང་། སྐད་ཡིག་གི་འབྲེལ་བའི་སྐོར་འགྲེལ་བཤད་གནང་ཡོད་འདུག

དེ་ཡང་། བོད་དོན་གོ་རྟོགས་ཀྱི་ལས་འགུལ་དེ་ནི་ཟླ་འདིའི་ཚེས་༥་ནས་༧་བར་སྤེལ་གྱི་ཡོད་ཅིང་། ཧི་མ་ལ་ཡའི་ཆོས་རིག་འཛིན་སྐྱོང་ཚོགས་པའི་གཞོགས་འདེགས་འོག ལྡི་ལིའི་འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་ལས་བྱེད་ཀྱིས་རྒྱ་གར་ཧིན་དུའི་ཆོས་ཕྱོགས་ཀྱི་འདུ་འཛོམས་ཐོག་ཕེབས་པའི་གནས་སྐོར་བ་དང་། ཆོས་ཞུ་བ། དེ་བཞིན་མང་ཚོགས་བཅས་ལ་བོད་དོན་གོ་རྟོགས་ཀྱི་ལས་འགུལ་སྤེལ་ཡོད་འདུག ཟླ་འདིའི་ཕྱི་ཚེས་༥ ཉིན་ཧི་མ་ལ་ཡའི་ཆོས་རིག་འཛིན་སྐྱོང་ཚོགས་པ་ནས་སངས་རྒྱས་དང་དགེ་འདུན་གྱི་དུས་སྟོན་ཞེས་པ་ཞིག་ཚོགས་ཡོད་པ་དང་ལྷག་དཀར་སྲུང་བརྩིའི་མཛད་སྒོ་ཞིག་གོ་སྒྲིག་གནང་ཡོད་འདུག

མཛད་སྒོ་དེར་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང་ཆོས་རིག་དྲུང་ཆེ་ཚེ་རིང་སྟོབས་རྒྱས་ལགས། བདེ་སྲུང་དྲུང་ཆེ་འཆི་མེད་བཀྲ་ཤིས། རྒྱ་གར་དང་རྒྱལ་ཁབ་གཞན་ནས་ཕེབས་པའི་དགེ་འདུན་པ་དང་གནད་ཡོད་མི་སྣ། དེ་བཞིན་མང་ཚོགས་བཅས་མཉམ་ཞུགས་གནང་ཡོད་འདུག

རྒྱ་གར་ཧིན་དུའི་ཆོས་ཕྱོགས་ཀྱི་འདུ་འཛོམས་མ་ཧ་ཀུམ་མར་ལའི་དུས་སྟོན་ཐོག བོད་དོན་གོ་རྟོགས་ཀྱི་ལས་འགུལ་སྤེལ་སྐབས། དབྱིན་ཡིག་དང་ཧིན་དིའི་ནང་ཡོད་པའི་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བོད་དོན་འབྲེལ་བའི་དཔེ་དེབ་འགྲེམས་སྤེལ་བྱས་ཡོད་པ་དང་། དཔེ་དེབ་དེ་དག་ནི་༸གོང་ས་མཆོག་གི་སྐོར་དང་། ཆོས་དང་རིག་གཞུང་ཐོག་ནས་འཕགས་བོད་ཀྱི་འབྲེལ་ལམ་སྐོར། བོད་ནི་ནམ་ཡང་རྒྱ་ནག་གི་ཆ་ཤས་མིན་པའི་སྐོར། བོད་ཀྱི་ཁྲིམས་མཐུན་གྱི་གནས་བབ། བོད་ནི་ཨེ་ཤ་ཡའི་ཞི་བདེའི་རྟེན་གཞི་ལྟ་བུར་འགྱུར་ཡོད་པའི་སྐོར་སོགས་ཀྱི་དཔེ་དེབ་མང་པོ་ཞིག་ཡོད་འདུག ཐེངས་འདིའི་བོད་དོན་གོ་རྟོགས་ལས་འགུལ་འདི་བརྒྱུད་ནས་རྒྱ་གར་མི་སྟོང་ཕྲག་མང་པོར་བོད་དོན་གོ་རྟོགས་སྤེལ་ཐུབ་ཡོད་འདུག