25
མིག, གསུམ་པ།

Expired
བཙན་བྱོལ་གྱི་གསར་འགྱུར།
Typography
  • Smaller Small Medium Big Bigger
  • Default Helvetica Segoe Georgia Times

ཕྱི་ལོ་༢༠༢༥ ཟླ་༡ ཚེས་༩ ཉིན་སྤེལ། ཉེ་ཆར་བོད་སྟོད་དིང་རི་རྫོང་སོགས་སུ་ས་འགུལ་ཤུགས་ཆེན་བརྒྱབ་རྐྱེན་བོད་མི་༡༢༦ འདས་གྲོངས་དང་བོད་མི་༡༨༨་ལྷག་རྨས་སྐྱོན་ཕོག་པ། དེ་བཞིན་ཁྱིམ་མཚེས་༣༦༠༠ ལྷག་གཏོར་སྐྱོན་བྱས་པར་བོད་མདོ་དབུས་ཁམས་ཀྱི་བོད་མི་ཡིས་དངོས་ཤུགས་བརྒྱུད་གསུམ་ནས་རོགས་རམ་དང་མཆོད་འབུལ་སྨོན་ལམ་གནང་ནས་གདུང་སེམས་མཉམ་སྐྱེད་གནང་སོང་།

དེ་ཡང་། ཟླ་འདིའི་ཚེས་༧ ཉིན་ལ་བོད་ཀྱི་སྟོད་དིང་རི་ས་ཁུལ་གྱིས་གཙོས་པའི་ས་གནས་ཁག་ཅིག་ལ་ས་ཡོམ་ཤུགས་ཆེར་བརྒྱབ་སྟེ་རྐྱེན་འདས་དང་། རྨས་སྐྱོན་ཕོག་པ། ཁང་ཁྱིམ་གཏོར་བཤིག་ཚབས་ཆེར་བྱུང་བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ནས་གསུང་འཕྲིན་སྩལ་ཡོད་ཅིང་། གསུང་འཕྲིན་ནང་དུ། དིང་རི་གཙོས་པའི་ས་གནས་ཁག་ཅིག་ཏུ་ས་འགུལ་བྱུང་བ་ལ་བརྟེན་ནས་ཤི་རྨས་དང་ཁང་ཁྱིམ་ལ་གཏོར་བཤིག་ཚབས་ཆེར་ཐེབས་པའི་གནས་ཚུལ་ཐོས་ཏེ་བློ་ཕམ་ཆེན་པོ་བྱུང་། རྐྱེན་འདས་སུ་སོང་བ་རྣམས་ལ་བསྔོ་སྨོན་དང་། རྨས་སྐྱོན་བྱུང་བ་རྣམས་གང་མྱུར་དྲག་སྐྱེད་ཡོང་བའི་སྨོན་འདུན་ཡོད། ཅེས་བཀའ་སྩལ་འདུག

དེ་བཞིན། བོད་ནང་ས་ཡོམ་བྱུང་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐུགས་གསོའི་གསུང་འཕྲིན་ནང་དུ། བོད་ཀྱི་སྟོད་དིང་རི་ས་ཁུལ་གཙོས་ས་གནས་ཁག་འགའ་ཤས་ལ་ས་ཡོམ་ཤུགས་ཚད་རིམ་པ་ ༧.༡ བརྒྱབ་སྟེ་ད་ལྟའི་ཆར་མི་གྲངས་བརྒྱ་ཕྲག་བརྒལ་བ་རྐྱེན་འདས་དང་རྨས་སྐྱོན་ཕོག་པ། དེ་བཞིན་ཁང་ཁྱིམ་གཏོར་བཤིག་ཚབས་ཆེ་བྱུང་བ་དང་། དགུན་དུས་ཀྱི་གྲང་ངར་ཆེ་བའི་སྐབས་དེར་ཟས་གོས་གནས་མལ་སོགས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་པའི་གནས་ཚུལ་གསར་འགྱུར་བརྒྱུད་ལམ་དུ་ཐོན་པར་ཡིད་སྐྱོ་བློ་ཕམ་ཚད་མེད་བྱུང་། རྐྱེན་འདས་སུ་གྱུར་བ་རྣམས་ལ་བོད་མིའི་མགོན་སྐྱབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་རིས་མེད་ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་རྣམ་པས་བསྔོ་སྨོན་མཛད་བཞིན་ཡོད་ལ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་རྐྱེན་འདས་སུ་སོང་བ་རྣམས་འཕགས་མཆོག་འཇིག་རྟེན་མགོན་པོས་རྗེས་སུ་བཟུང་བའི་བསྔོ་སྨོན་སྐྱབས་ཞུ་དང་། རྗེས་ཤུལ་ནང་མི་རྣམས་ལ་ཐུགས་གསོ་ཞུ་བ་དང་སྦྲགས། རྨས་སྐྱོན་ཕོགས་པའི་རང་རིགས་རྣམས་ལ་སྨན་བཅོས་ཀྱི་མཐུན་རྐྱེན་ཡོང་ཐབས་དང་། དེ་དག་མགྱོགས་ནས་མྱུར་དུ་དྲག་སྐྱེད་ཡོང་བའི་སྨོན་འདུན་ཞུ་རྒྱུ་མ་ཟད། སྡོད་ཁྱིམ་སོགས་ཀྱི་དཀའ་ངལ་ལས་གྲོལ་བའི་མཐུན་འགྱུར་ཡོང་བ་སྤྱི་སྒེར་ཡོངས་ལ་འབོད་སྐུལ་ཞུ་རྒྱུ་བཅས། ཞེས་བཀོད་འདུག

གཞན་ཡང་། ཟླ་འདིའི་ཚེས་༨ ཉིན་གྱི་ཕྱི་དྲོར། བཞུགས་སྒར་རྡ་རམ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག རྡ་ས་ཁུལ་གྱི་བོད་མི་རྣམས་ཀྱིས་དིང་རི་རྫོང་དུ་ས་ཡོམ་གོད་ཆག་བྱུང་བའི་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་ཀྱི་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཞིག་ཚོགས་སོང་།

མཆོད་འབུལ་སྨོན་ལམ་འཚོག་སྐབས། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་དོན། དེ་རིང་ཕྱི་ལོ་ ༢༠༢༥ ཟླ་བ་ ༡ ཚེས་ ༨ ཉིན་གཞུང་འབྲེལ་ཛ་དྲག་གི་མཆོད་འབུལ་སྨོན་ལམ་ཞུས་དགོས་པའི་རྒྱུ་མཚན་གཙོ་བོ་ནི། ཕྱི་ཟླ་ ༡ ཚེས་ ༧ ཉིན་བོད་ཀྱི་ས་ཁུལ་སྟོད་དིང་རི་གཙོ་བོར་གྱུར་པའི་ཉེ་འགྲམ་གྱི་ས་ཁུལ་ཁག་ཅིག་ལ་ཚད་རིམ་ ༦་༨ བཤད་ཀྱི་འདུག ཨ་རིའི་རྒྱལ་ཡོངས་ས་འགུལ་རྟོག་ཞིབ་ལས་ཁུངས་ཀྱིས་ས་འགུལ་གྱི་ཚད་རིམ་ ༧.༡ ཡིན་པ་རྗོད་ཀྱི་འདུག ས་ཡོམ་རྒྱག་ཡུལ་ལྟེ་གནས་ནས་སྤྱི་ལེ་ ༢༠ ནང་ཚུད་ཀྱི་ས་ཁུལ་ནང་གྲོང་ཚོ་ ༢༧ ཡོད་པའི་ནང་དུ་ཉུང་མཐར་མི་གྲངས་ ༦༩༠༠ ཙམ་གནས་སྡོད་བྱེད་ཀྱི་ཡོད། གནོད་སྐྱོན་ཕོག་ཡུལ་གཙོ་བོ་ནི། དིང་རི་དང་། གཏིང་སྐྱེས། ལྷ་རྩེ་རྫོང་། ས་སྐྱ་རྫོང་། ངམ་རིང་རྫོང་ཆགས་ཀྱི་འདུག གཙང་ཁུལ་དང་དེ་མིན་ས་གནས་གཞན་ལ་འདས་གསོན་ག་ཚོད་བྱུང་ཡོད་མེད་བརྗོད་ཐུབ་ཐབས་དཀའ། དིང་རི་དང་ས་ཐག་ཉེ་བའི་རྒྱ་གར་དང་བལ་ཡུལ། འབྲུག་གསུམ་གྱི་ནང་ས་ཡོམ་བརྒྱབ་པ་ཚོར་འདུགབོད་ནང་དུ་རང་དབང་གི་ཐོག་ནས་གསར་འགོད་པ་འགྲོ་ཆོག་གི་མེད་པར་བརྟེན། ཕྱི་རྒྱལ་གྱི་གསར་འགོད་པ་ས་ཡོམ་རྒྱག་ཡུལ་གྱི་ས་གནས་ཁག་ཏུ་གཏོང་གི་མེད་སྟབས། ད་ལྟ་གནས་ཚུལ་གང་ཐོན་པ་དེ་དག་རྒྱ་ནག་གཞུང་གི་ངོས་ནས་བཏོན་པའི་གྲངས་ཐོ་རེད། རྒྱ་ནག་གཞུང་གི་ཤིན་ཧྭ་གསར་ཁང་གི་ཁ་སང་ཆུ་ཚོད་ ༧ བར་ས་ཡོམ་གྱི་རྐྱེན་པས་མི་གྲངས་ ༡༢༩ འདས་གྲོངས་སུ་ཕྱིན་ཡོད་པ་དང་། མི་གྲངས་ ༡༨༨ ལ་རྨས་སྐྱོན་ཕོག་པ། དེ་བཞིན་སྡོད་ཁང་ ༣༦༠༩ ལ་རྡིབ་སྐྱོན་བྱུང་ཡོད་པ་བརྗོད་འདུག ཁང་ཁྱིམ་དེ་དག་རྒྱ་ནག་གཞུང་གིས་དབུལ་པོའི་གནས་ནས་གྲོལ་ཏེ་ཡར་རྒྱས་ཧ་ཅང་བཏང་ཡོད་ཟེར་གྱི་ཡོད་ཀྱང་ད་ལྟ་སྲོག་སྐྱོན་ཤོར་བ་དེ་དག་ཁང་པ་རྙིང་པ་ཞིག་རལ་དུ་སོང་བའི་རྒྱུ་མཚན་ལ་བརྟེན་ནས་ཡིན་དུས་རྒྱ་ནག་གཞུང་གིས་ཉམ་ཐག་ལ་སྐྱོབ་རྒྱུའི་ལས་གཞི་དེ་དག་ཚད་ལྡན་ཇི་ཙམ་བྱུང་ཡོད་མེད་འདི་ནས་རྟོག་ཐུབ་པ་ཞིག་ཆགས་ཡོད། ཅེས་དང་།

ཁོང་གིས་མུ་མཐུད་ནས་གསུང་དོན། གནོད་སྐྱོན་ཕོག་མཁན་གྱི་མི་གྲངས་ ༣༠༤༠༠ ལྷག་ཙམ་ས་གནས་ཁག་བཅུ་བཞི་ལ་བཀོད་སྒྲིག་བྱས་པའི་གནས་ཚུལ་ཐོན་བཞིན་འདུག གནོད་སྐྱོན་ཐེབས་ཡུལ་ཕལ་ཆེ་བ་མཚོ་ངོས་ནས་མི་ཀྲར་ ༤༠༠༠ ལྷག་བརྒལ་གྱི་ཡོད་པར་བརྟེན་ས་མཐོ་བོ་ཆགས་ཀྱི་ཡོད་པ་དང་། འབྱུང་འགྱུར་ཉིན་ཤས་རིང་ཉིན་རེའི་ཆ་དྲོད་ཀླད་ཀོར་ལས་ཉུང་དུ་འགྲོ་རྒྱུའི་ཉེན་ཁ་ཆགས་ཡོད་སྟབས། ད་ལྟ་ཡིན་ནའང་མྱུར་སྐྱོབ་ནང་མ་ཚུད་པར་ས་འོག་ཏུ་ཐིམ་པའི་དཀའ་ངལ་ཆེན་པོ་རང་བཞིན་གྱི་ཆགས་པ་དང་། མྱུར་སྐྱོབ་ནས་འཐེན་ཐུབ་ཡོད་ནའང་ཁང་ཁྱིམ་སོགས་འཕྲོ་བརླག་ཕྱིན་ཡོད་པར་བརྟེན་དཀའ་ངལ་ཆེན་པོ་ཞིག་རང་བཞིན་གྱི་འཕྲད་བཞིན་ཡོད།སྤྱི་ཚོགས་དྲ་ལམ་ཁག་ཏུ་བལྟས་པ་ཡིན་ན། བོད་རིགས་གཙོ་བོར་གྱུར་པའི་མི་རིགས་གཞན་རྣམས་ནས་ས་ཡོམ་རྒྱག་ཡུལ་དུ་རོགས་སྐྱོར་གྱི་དངོས་ཟོག་རིགས་འོར་འདྲེན་བྱེད་བཞིན་པའི་བརྙན་ཐུང་དེ་འདྲ་འགྲེམས་སྤེལ་གནང་བཞིན་ཡོད་སྟབས། བོད་མིས་བོད་པར་རོགས་པ་བྱེད་པའི་སེམས་འགུལ་ཐེབས་དགོས་པའི་གནས་སྟངས་ཤིག་རེད། ས་ཡོམ་རྒྱག་ཡུལ་གྱི་ཁང་ཁྱིམ་ལ་བལྟས་པ་ཡིན་ན་མེ་ཤུགས་འཕུར་མདའི་གཏོར་འགོལ་བྱེད་པ་ནང་བཞིན་འཇིགས་སུ་རུང་བ་དེ་འདྲ་བྱུང་འདུག མི་མང་པོ་ཞིག་ད་དུང་ཁང་པ་ཞིག་རལ་དུ་གནས་ཡོད་པ་ཚོད་དཔག་བྱེད་ཐུབ་ཀྱི་འདུག ལྷག་པར་དུ་བློ་གཡེང་ཆེ་ཤོས་དེ་གཏན་སྡོད་སློབ་གྲྭའི་སློབ་ཕྲུག་ཚོ་གང་འདྲ་ཆགས་ཡོད་མེད་ཞུ་ཚོད་ཐིག་གི་མི་འདུག དེར་བརྟེན་དེ་རིང་ང་ཚོའི་མཆོད་འབུལ་སྨོན་ལམ་འདི་ཛ་དྲག་ཐོག་དྷ་ས་གནས་འཁོད་མཛད་གཙོ་རྣམ་པ་དང་། འཛིན་སྐྱོང་ལས་བྱེད་རྣམ་པ། དྷ་ས་ཁུལ་གྱི་མི་མང་རྣམས་ལྷན་འཛོམས་ཐོག་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཞུ་གི་ཡོད་པ་རེད། དེ་བཞིན་བོད་མི་འདུ་སྡོད་ས་གནས་ཁག་ཚང་མར་མཆོད་འབུལ་སྨོན་ལམ་གོ་སྒྲིག་གནང་རོགས། ཆོས་རིག་ལས་ཁུངས་ངོས་ནས་བཀོད་ཁྱབ་གཏང་ཡོང་གི་རེད། ཅེས་དང་།

ད་ལྟའི་དུས་ཚོད་ཁག་པའི་སྐབས་འདིར་མི་ཚང་མང་པོ་ཞིག་ལ་དཀའ་ངལ་འཕྲད་བཞིན་པ་དང་། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚང་མས་བོད་ནང་འབྱུང་བའི་གནོད་སྐྱོན་འདིའི་རྐྱེན་པས་དཀའ་ངལ་འཕྲད་བཞིན་པ། དེ་བཞིན་འཛམ་གླིང་ས་ཕྱོགས་གང་དུ་ཡིན་ནའང་དཀའ་ངལ་འཕྲད་བཞིན་པ་དག་ལ་མཆོད་འབུལ་གནང་རོགས་ཞེས་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

དེ་བཞིན་ཟླ་འདིའི་ཚེས་༨ ཉིན་གྱི་ཕྱི་དྲོ་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་ཀྱི་བུད་མེད་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་རྒྱལ་ཡོངས་མང་གཙོ་ཚོགས་བཅས་ཀྱི་གོ་སྒྲིག་འོག རྡ་ས་ཁུལ་གྱི་བོད་མི་ཚོས་མོག་གྷན་སྤྱི་ཐང་དུ་དིང་རི་རྫོང་དུ་ས་ཡོམ་གོད་ཆག་བྱུང་བའི་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་ཀྱི་མར་མེ་ཁྲོམ་སྐོར་ཞིག་གནང་སོང་།

སྐབས་དེར། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་བཞིའི་བསྒྲགས་གཏམ་ནང་དུ། ཕྱི་ལོ་༢༠༢༥ ཟླ་ ༡ ཚེས་ ༧ ཉིན་གྱི་ཞོགས་པ་བོད་གཞིས་རྩེ་གྲོང་ཁྱེར་དིང་རི་ཁུལ་དུ་སྟབས་མ་ལེགས་པར་ས་ཡོམ་རིམ་པ་༧.༡ ཅན་གྱི་འབྱུང་བའི་གནོད་འཚེ་ཚབས་ཆེ་བྱུང་སྟེ་ས་གནས་བོད་མི་མང་པོ་རྐྱེན་འདས་སུ་སོང་བའི་ཡིད་སྐྱོའི་གནས་ཚུལ་ཐོན་པ་དང་། དེ་བཞིན་སྒོ་ཕྱུག་སེམས་ཅན་མང་པོ་ཡང་ཚེ་སྲོག་ཤོར་བ་སོགས་མདོར་ན་མི་རྒྱུ་ཟོག་གསུམ་ལ་རྐྱེན་ངན་གོད་ཆགས་ཚབས་ཆེ་བྱུང་བར་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་བཞིའི་ངོས་ནས་ས་ཡོམ་གྱི་འབྱུང་བའི་རྐྱེན་ངན་གོད་ཆགས་འོག་འདས་གྲོངས་སུ་སོང་བ་ཡོངས་ལ་ཡིད་སྐྱོའི་བློ་ཕམ་དང་བཅས་མྱ་ངན་ཞུ་རྒྱུ་མ་ཟད། འདས་པོ་ཁོང་རྣམས་མགྱོགས་ནས་མྱུར་དུ་བདེ་བ་ཅན་གྱི་ཞིང་ཁམས་ལ་སྐྱེ་བའི་སྨོན་ལམ་ཤུགས་དྲག་ཞུ་རྒྱུ་ཡིན། དེ་བཞིན་རྨས་སྐྱོན་བྱུང་བ་རྣམས་མྱུར་དུ་དྲག་སྐྱེས་ཡོང་བའི་སྨོན་འདུན་ཞུ་རྒྱུ་མ་ཟད། ས་ཡོམ་གྱི་འཇིགས་པའི་ཁྲོད་འདས་གྲོངས་སུ་སོང་བའི་ནང་མི་བུ་ཕྲུག་ཡོངས་ལ་ཚོགས་པ་བཞིའི་ངོས་ནས་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ཡིན། ཞེས་དང་།

ས་ཡོམ་གྱི་གོད་ཆགས་འདིའི་འབྱུང་རྩ་གཙོ་བོ་ནི་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ས་བཙན་འཕྲོག་བྱས་པ་ནས་བཟུང་ལོ་ངོ་བཅུ་ཕྲག་མང་པོའི་རིང་བོད་ནང་གི་ཤིང་ནགས་གཅོད་བྲེགས་དང༌། གསེར་དངུལ་ཟངས་ལྕགས་ལ་སོགས་པའི་ གཏེར་ཁ་སྔོག་འདོན། བོད་ནང་གི་ཆུ་ཆེན་དང་གཙང་ཆུ་ཆེ་ཁག་ཐོག་གང་སར་ཆུ་མཛོད་གསར་རྒྱག་དང་ཁ་སྒྱུར་བྱས་དང་བྱེད་མུས་ཡིན་པ། དེ་བཞིན་རྡུལ་འཕྲན་ཚོན་ཆ་སོགས་རྫས་རིགས་དང་འབྲེལ་བའི་བཟོ་གྲྭ་སྣ་མང་འཛུགས་སྐྲུན་བྱས་པ། བོད་ཀྱི་ཁ་རླུང་སྦག་གཙོག་བཟོས་པ་སོགས་ལ་བརྟེན་འབྱུང་བཞིའི་གནོད་པ་བྱུང་ཡོད་པས་རྒྱ་ནག་དམར་པོའི་སྲིད་གཞུང་ནས་བོད་ནང་གི་སྣོད་བཅུད་གཉིས་ལ་གཏོར་སྐྱོན་གཏོང་མཚམས་ངེས་པར་འཇོག་དགོས། གནད་དོན་དེ་ནི་བོད་དང་བོད་མི་ཁོ་ནའི་བདེ་སྡུག་ཙམ་མ་ཡིན་པར་བོད་དང་ཉེ་འབྲེལ་གྱི་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གི་བདེ་འཇག་དང་མི་མང་གི་འཚོ་གནས་བདེ་ཀར་འབྲེལ་བ་ཡོད་པས་བོད་དང་ཉེ་འབྲེལ་རྒྱལ་ཁབ་ཁག་ནས་ཀྱང་དོ་སྣང་ཡིད་གཟབ་དགོས་རྒྱུར་དྲན་སྐུལ་སྐྱར་དུ་ཞུ་བཞིན་ཡོད།

ལྷག་པར་དིང་རི་ཁུལ་གྱི་ས་ཡོམ་གྱི་འགུལ་ཚད་༧.༡ ཡིན་ཀྱང་ ༦.༨ ལ་ཉུང་འཕྲི་བྱས་པ་དང༌། བོད་མི་རྐྱེན་འདས་འབྱུང་པའི་གྲངས་འབོར་ལའང་ཉུང་འཕྲི་བྱས་ཡོད་པའི་གནས་ཚུལ་ཐོན་བཞིན་འདུག་པས་བོད་མི་དང་རྒྱལ་སྤྱིར་འགོ་སྐོར་རྫུན་གཏམ་བཤད་མཚམས་འཇོག་དགོས་པ་དང༌། དོན་དངོས་གནས་ཚུལ་གང་ཡིན་རྒྱ་གཞུང་གིས་སྦ་གསང་མེད་པར་རྒྱལ་སྤྱིའི་ཁྲིམས་ལུགས་དང་མཐུན་པའི་ཐོག་རྒྱལ་སྤྱིར་དྲང་བདེན་གསལ་སྤྲོད་དགོས་པའི་ནན་བརྗོད་བྱ་རྒྱུ་ཡིན། ཞེས་བརྗོད་སོང་།

ད་དུང་། བྱེས་ཀྱི་འབྲས་སྤུངས་དགོན་པ་དང་དགའ་ལྡན་དགོན་པ། སེ་ར་དགོན་པ། རྒྱུད་སྨད་གྲྭ་ཚང་། བཀྲ་ཤིས་ལྷུན་པོ་དགོན་པ་སོགས་པའི་རྒྱ་གར་དུ་ཡོད་པའི་དགོན་པ་དང་གྲྭ་ཚང་། དེ་བཞིན་བོད་མིའི་གཞིས་ཆགས་ཁག ད་དུང་ཨ་རི་དང་ཁེ་ཎ་ཌ། ཡུ་རོབ་ཁུལ་དུ་ཡོད་པའི་བོད་མི་བཙན་བྱོལ་བོད་མི་ཚོས་དིང་རིའི་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་ཀྱི་མཆོད་འབུལ་སྨོན་ལམ་དང་མར་མེ་ཁྲོམ་སྐོར་གནང་སོང་། དེ་མ་ཟད། བོད་ནང་གི་མདོ་དབུས་གསུམ་གྱི་བོད་མི་ཚོས་དགོས་ངེས་ཅན་གྱི་ཟས་དང་གོས་སོགས་འཁྱེར་ནས་ཉིན་མཚན་མེད་པ་དིང་རིའི་རིགས་གཅིག་སྤུན་ཟླ་ཚོར་རོགས་རམ་བྱེད་ཆེད་ཡོང་དང་ཡོང་བཞིན་པ་རེད་འདུག

ཟླ་འདིའི་ཚེས་ ༩ ཉིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་འོག་རིས་མེད་དགོན་སྡེ་ཁག་གི་དགེ་འདུན་པ་དང་། མི་མང་རྒན་གཞོན་ཕོ་མོ་སྟོང་ཕྲག་བརྒལ་བས་རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་བྱེས་ཀྱི་བཀྲ་ཤིས་ལྷུན་པོ་དགོན་པར་བོད་ཀྱི་སྟོད་དིང་རི་གཙོས་གཞིས་ཀ་རྩེ་སོགས་ས་གནས་ཁག་ཅིག་ལ་ས་ཡོམ་ཤུགས་ཆེར་བརྒྱབ་སྟེ་རྐྱེན་འདས་དང་། རྨས་སྐྱོན་ཕོག་པ། ཁང་ཁྱིམ་གཏོར་བཤིག་ཚབས་ཆེ་བྱུང་བ་བཅས་ཀྱི་ཆེད་མཆོད་འབུལ་སྨོན་ལམ་ཚོགས་འདུག

སྐབས་དེར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། བོད་ལ་ས་ཡོམ་བརྒྱབ་ནས་ཉམས་ཆག་ཆེན་པོ་ཕྱིན་པ་ལྟ་བུ་འདུག དེ་དག་ནི་སོ་སོའི་ལས་དབང་རེད། ཡིན་ནའང་ཆོས་དད་མེད་མཁན་ཞིག་ལ་ལས་ངན་འཁོར་སྐབས་སེམས་ཕམ་ནས་སྡོད་པ་མ་གཏོགས་བྱ་རྒྱུ་མེད། ང་ཚོ་ཆོས་དད་ཡོད་མཁན་ཚོར་ལས་ངན་སྨིན་ཡོང་སྐབས་དེ་སྔོན་ཆད་ཀྱི་སྡིག་པ་དག་པ་དང་། ཕྱིན་ཆད་དགེ་བའི་བློ་གོང་ནས་གོང་དུ་འཕེལ་བའི་མཐུན་པའི་རྐྱེན་ཆགས་རྒྱུ་འདུག དཔེར་ན། རྐྱེན་ངན་མང་པོ་ཞིག་ཡོང་སྐབས་རྐྱེན་ངན་དེ་དག་རྒྱུ་མཚན་དུ་བྱས་ནས་སོ་སོའི་ངོས་ནས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་གཟབ་གཟབ་བྱས་ཏེ་སྒོམ་པ་ཡོང་གི་འདུག

བོད་དུ་ས་ཡོམ་གྱི་རྐྱེན་གྱིས་རྐྱེན་ངན་མང་པོ་ཞིག་ཡོང་སྐབས་རྐྱེན་ངན་འདི་དག་བྱང་ཆུབ་ལམ་དུ་བསྒྱུར་རྒྱུ་སོ་སོའི་ལག་པར་ཡོད་པ་རེད་ལ།དེ་ལ་བསམ་བློ་བཏང་བ་ཡིན་ན་འབྲས་བུ་ངན་པ་ཞིག་སྨིན་ཀྱང་། དེའི་རྐྱེན་བྱས་ཏེ་དགེ་བའི་བློ་སྐྱེས་པ་དང་། སེམས་ཤུགས་བསྐྱེད་པ་ལ་ཕན་ཐོགས་ཡོང་བ་ཞིག་རེད།

ངོས་རང་ལ་ཆ་བཞག་ན་བོད་ལ་ས་ཡོམ་བརྒྱབ་ནས་རྐྱེན་མང་པོ་འཕྲད་པའི་པར་མཐོང་སྐབས་དེས་བྱང་ཆུབ་ཀྱི་སེམས་སྒོམ་རྒྱུ་དང་། སྟོང་ཉིད་སྒོམ་རྒྱུ། དེ་བཞིན་འཕགས་པ་སྤྱན་རས་གཟིགས་ལ་གསོལ་བ་འདེབས་པའི་སེམས་ཤུགས་གོང་ནས་གོང་དུ་འཕེལ་བར་ཕན་ཐོགས་འདུག

སེམས་ཞུམ་ནས་སྡུག་སྐད་རྒྱག་པ་མིན་པར་དེ་ལྟ་བུའི་རྐྱེན་ངན་འཕྲད་སྐབས་སེམས་ཤུགས་སྐྱེས་ཏེ་རྐྱེན་ངན་གྲོགས་སུ་ཡོང་ཐབས་ཤིག་གནང་དགོས། རྐྱེན་ངན་བྱང་ཆུབ་ལམ་དུ་བསྒྱུར་ཞེས་བཤད་ཀྱི་ཡོད།བོད་ལ་ས་འགུལ་གྱི་རྐྱེན་པས་རྐྱེན་ངན་མང་དག་ཅིག་ཡོང་བཞིན་ཡོད། འོན་ཀྱང་རྐྱེན་ངན་བྱང་ཆུབ་ལམ་དུ་བསྒྱུར་རྒྱུ་ཞིག་སྨོན་ལམ་རྒྱག་རྒྱུ་དང་། ད་ལྟ་མི་ལྷག་བསྡད་པ་རྣམས་ཀྱིས་སེམས་ཤུགས་སྐྱེད་ནས། བོད་གངས་ཅན་གྱི་ལྗོངས་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཡིན་པས།སོ་སོའི་རྐྱེན་ངན་མང་པོ་ཞིག་ལས་དབང་གིས་བྱུང་བ་རེད། དེ་དག་རྐྱེན་ངན་གྲོགས་སུ་ཤར་རྒྱུའི་སེམས་ཤུགས་སྐྱེད་ནས་དགེ་བའི་བློ་ཡག་པོ་ཞིག་མུ་མཐུད་ནས་སྦྱང་རྒྱུ་གལ་ཆེན་པོ་རེད། བོད་ལ་ས་ཡོམ་བརྒྱབ་ནས་ཁང་པ་མང་པོ་ཞིག་རལ་དུ་གྱུར་བ་མཐོང་སོང་། སེམས་སྐྱོ་བ་ཞིག་འདུག་སྟེ།རྐྱེན་ངན་ལས་ངན་ཟློག་ཏུ་མེད་པ་ཆགས་ཀྱི་ཡོད། ང་ཚོས་རྐྱེན་ངན་གྲོགས་སུ་ཤར་རྒྱུའི་བསམ་བློ་ཞིག་གཏང་བ་ཡིན་ན་ཕན་ཐོགས་ཡོད་པ་རེད།

རྐྱེན་ངན་བྱུང་སྐབས་སེམས་ཤུགས་ཆག་ནས་མ་བསྡད་པར་སེམས་ཤུགས་སྐྱེད་དགོས་རེད། འབྱུང་བ་འཁྲུག་པ་ཡིན་དུས་མི་ལའང་ཁག་བཞག་ས་ཞིག་མེད་པས། ས་ཡོམ་གྱི་རིགས་རྣམས་རྐྱེན་ངན་གྱིས་ཡོང་བ་ཞིག་རེད་མ་གཏོགས། མིའི་ཆབ་སྲིད་ཀྱི་སྲིད་ཇུས་ཤིག་མིན་པ་ཡིན་དུས། བསམ་བློ་གཏོང་སྟངས་ཀྱི་ཐད་ནས་དགེ་མཚན་འདུག ཅེས་སོགས་ཀྱི་བཀའ་སློབ་སྩལ་འདུག