ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༥ ཉིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྲོང་ཁྱེར་བྷེང་ལོར་ནས་ཐད་འཕུར་གནམ་གྲུར་བཞུགས་ནས་སྦེལ་ཀོབ་ཏུ་ཞབས་སོར་བདེ་བར་འཁོད་འདུག སྐབས་དེར། དགོན་སྡེ་ཁག་གི་དགེ་འདུན་པ་གཙོས་པའི་དད་ལྡན་མི་མང་སྟོང་ཕྲག་འགའ་ཡིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་འདུག
དེ་ཡང། ཟླ་འདིའི་ཚེས་༣ ཉིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་རྡ་རམ་ས་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་མཁའ་ལམ་བརྒྱུད་ཆིབས་བསྒྱུར་བསྐྱངས་ནས་ཉིན་དེེར་ལྡི་ལིར་ཞབས་སོར་བདེ་བར་འཁོད་ཡོད་འདུག
ལྡི་ལིར་དགུང་མོ་གཅིག་བཞུགས་རྗེས། ཟླ་འདིའི་ཚེས་༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྡི་ལི་ནས་ཆིབས་ཐོན་མཛད་ནས་རྒྱ་གར་གྲོང་ཁྱེར་བྷན་ལོག་ལ་ཞབས་སོར་བདེ་བར་འཁོད་འདུག སྐབས་དེར་གནམ་ཐང་ལ་དེ་ཡོད་བོད་མི་རྣམས་ཀྱིས་ཕེབས་བསུ་ཞུས་ཡོད་འདུག བྷེང་ལོར་ལ་ཞག་གཅིག་བཞུགས་རྗེས། ཟླ་འདིའི་ཚེས་༥ ཉིན་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྲོང་ཁྱེར་བྷེང་ལོར་ནས་ཐད་འཕུར་གནམ་གྲུར་བཞུགས་ནས་སྦེལ་ཀོབ་ཏུ་ཞབས་སོར་བདེ་བར་འཁོད་འདུག སྐབས་དེར། དགོན་སྡེ་ཁག་གི་དགེ་འདུན་པ་གཙོས་པའི་དད་ལྡན་མི་མང་སྟོང་ཕྲག་འགའ་ཡིས་དགའ་དད་གུས་གསུམ་ངང་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་འདུག
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྦེལ་ཀོབ་ཞབས་སོར་འཁོད་རྗེས། བཀྲ་ཤིས་ལྷུན་པོའི་དགོན་པ་དུ་ཕེབས་ཡོད་འདུག སྐབས་དེར། དགའ་ལྡན་ཁྲི་ཐོག་དང་ཁྲི་ཟུར་གཙོས་པའི་མཁན་པོ་དང་དགེ་བཤེས། གྲྭ་མང་གིས་ཕེབས་བསུ་ཞུས་ཡོད་འདུག
རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་ཁྲི་སྟེང་བཞུགས་རྗེས་ཁོང་གིས་གསུང་དོན། དེ་རིང་ངོས་རང་ཐམས་ཅད་མཁྱེན་པ་རྒྱལ་བ་དགེ་འདུན་གྲུབ་བམ་ཏཱ་ལའི་བླ་མ་སྐུ་ཕྲེང་དང་པོ་མཆོག་གིས་ཕྱག་བཏབ་གནང་བའི་བཀྲ་ཤིས་ལྷུན་པོ་དགོན་པར་ཡོང་བ་ཡིན། དགོན་པ་དེ་བོད་ཡུལ་གྱི་གྲྭ་བ་ཚོས་ནང་པའི་ལྟ་གྲུབ་དང་ཚད་མ་རིག་པའི་སློབ་སྦྱོང་གི་སྦྱོང་ཡུལ་་ལ་གྲགས་ཅན་ཞིག་ཡིན།
བོད་ནང་ཟིང་འཁྲུག་བྱུང་རྗེས་བཀྲ་ཤིས་ལྷུན་པོ་ཞེས་གྲགས་པའི་སློབ་གཉེར་གྱི་གདན་ས་འདིར་བཙན་བྱོལ་དུ་སླར་ཡང་བཙུགས་པ་རེད། བོད་ཀྱི་དགོན་པ་གལ་ཆེ་ཤོས་ཤིག་རེད། ༧རྒྱལ་བ་དགེ་འདུན་གྲུབ་ཀྱིས་དགོན་པ་འདི་ཕྱག་བཏབ། ཁོང་གི་རྗེས་འཇུག་པ་ཡིན་པའི་ངོས་རང་དེ་རིང་འདིར་འབྱོར་བར་དགའ་སྤྲོ་སྐྱེས་ཡོད།
ངོས་ཀྱིས་དུས་རྟག་ཏུ་བརྗོད་བ་ལྟར་དགོན་པའི་དམིགས་ཡུལ་གཙོ་བོ་ནི་སློབ་སྦྱོང་གི་ལྟེ་གནས་ཤིག་ཆགས་རྒྱུ་དང་། དགེ་འདུན་པ་དང་བཙུན་མ་ཚོར་སློབ་ཚན་སློབ་སྦྱོང་བྱེད་པའི་གོ་སྐབས་སྤྲོད་རྒྱུ་དང་དེ་དག་ལག་ལེན་བྱེད་རྒྱུ་དེ་རེད།
དེང་སང་འཇིག་རྟེན་འདིར་ནང་པ་མ་ཡིན་པའི་མི་རྣམས་ཀྱིས་ཀྱང་སངས་རྒྱས་ཀྱིས་གང་གསུངས་པ་དེ་ལ་དོ་སྣང་བྱེད་བཞིན་ཡོད། དེའི་ནང་ཚན་རིག་པ་མང་པོ་ཞིག་ང་ཚོས་རྒྱུ་མཚན་དང་ཚད་མ་བེད་སྤྱོད་བྱེད་པ་དེས་ཡིད་འཕྲོག་པ་ཞིག་རེད། དེ་བཞིན་རྒྱ་ནག་ནང་ནས་ནང་ཆོས་ལ་དོ་སྣང་བྱེད་མཁན་མང་དུ་འགྲོ་བཞིན་ཡོད། འདི་ནི་ང་ཚོས་དུས་རབས་མང་པོའི་རིང་ལ་གསོན་པོར་གནས་པའི་སྲོལ་རྒྱུན་ཞིག་རེད།