ཕྱི་ལོ་༢༠༢༤ ཟླ་༡༡ ཚེས་༢༩ ཉིན། བཞུགས་སྒར་རྡ་རམ་སའི་མེག་གྷན་གྱི་བྷག་སུ་མགྲོན་ཁང་རྒྱབ་ཀྱི་སྤང་ཐང་དུ། བོད་སྨྱུག་གི་གོ་སྒྲིག་འོག བོད་ཀྱི་སྒྱུ་རྩལ་པའི་དུས་སྟོན་ཞེས་པའི་དུས་སྟོན་ཞིག་དབུ་འཛུགས་གནང་སོང་། སྐབས་དེར། རྩོམ་པ་པོ་བུ་ཆུང་བསོད་ནམས་ལགས་ཀྱིས་རྒྱ་གཞུང་ནས་བོད་མི་སྤྱི་དང་ལྷག་པར་དུ་སྒྱུ་རྩལ་པ་ཚོར་བཙན་གནོན་བྱེད་དགོས་པའི་རྒྱུ་མཚན་ནི་སྒྱུ་རྩལ་ཚོར་སྤྱི་ཚོགས་འགྱུར་བ་གཏོང་རྒྱུ་དང་ཆབ་སྲིད་ཀྱི་སྲིད་དབང་མགོ་རྟིང་སློག་རྒྱུའི་ནུས་པ་ཡོད་རེད། དེར་བརྟེན་རྒྱ་གཞུང་གིས་ཤེས་ཡོན་ཅན་དང་སྒྱུ་རྩལ་པར་རྡུང་རྡེད་ཚབས་ཆེན་བཏང་དང་གཏོང་བཞིན་པ་རེད། ཅེས་བརྗོད་སོང་།
དེ་ཡང་། དབུ་འབྱེད་མཛད་སྒོའི་ལས་རིམ་ནི་བོད་ཀྱི་རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་གཙོ་སྐྱོང་གནང་བ་དང་། དུས་སྟོན་གོ་སྒྲིག་པ་བུ་ཆུང་ལྡུམ་ར་བསོད་ནམས་ནས་དུས་སྟོན་ངོ་སྤྲོད་གནང་སོང་། དེ་ནས་རྩོམ་པ་པོ་ཚེ་རིང་དབྱངས་འཛོམས་ལགས་ཀྱིས་རྩོམ་རིག་གི་ནུས་པ་ཐོག་གཏམ་བཤད་གནང་སོང་། བོད་ཀྱི་གླུ་མ་བསོད་ནམས་སྒྲོལ་མ་ལགས་དང་གཞས་པ་བསྟན་འཛིན་ཆོས་རྒྱལ་ལགས་གཉིས་ཀྱིས་གླུ་དབྱངས་བླངས་སོང་།
བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་བོད་སྨུག་སྐོར་ཐོག་མར་བཙུགས་པའི་སྐོར་ནས་གསུང་དོན། བོད་སྨྱུག་ནི་བོད་ནས་བཙན་བྱོལ་ལ་ཡོང་བའི་རྩོམ་པ་པོ་དང་བཙན་བྱོལ་ནང་སྐྱེས་པའི་རྩོམ་པ་པོ་དང་སྙན་ངག་པ་ཁག་ཅིག་བཙུགས་པ་དང་། སྐབས་དེར་ཁོང་ཚོས་བོད་ཀྱི་རྩོམ་རིག་ཐོག་བགྲོ་གླེང་དང་བསམ་བློ་བརྗེ་ལེན་བྱས་ནས་བོད་སྨྱུག་བཙུགས་ཡིན་སྐོར་སོགས་བརྗོད་སོང་།
དེ་ནས་ཐེངས་འདིའི་དུས་སྟོན་གོ་སྒྲིག་པ་དང་རྩོམ་པ་པོ་བུ་ཆུང་ལྡུམ་ར་བསོད་ནམས་ལགས་ཀྱིས་དུས་སྟོན་འདི་གོ་སྒྲིག་བྱེད་དགོས་པའི་དམིགས་ཡུལ་གཅིག་ནི། བོད་ཀྱི་རྩོམ་པ་པོ་དང་སྙན་ངག་པ། རི་མོ་བ། གཞས་པ་དང་གཞས་མ་བཅས་མཉམ་འཛོམས་ཀྱིས་བོད་ཀྱི་རྩོམ་རིག་དང་རི་མོ། སྐད་ཡིག་དང་གཞས། སྤྱི་ཚོགས་དང་ཆབ་སྲིད། སྒྱུ་རྩལ་བཅས་ཀྱི་ཐོག་གཏམ་བཤད་དང་བགྲོ་གླེང་བྱ་རྒྱུ་དང་། དེ་བཞིན་དེ་དག་གིས་བོད་དོན་ལ་ཞབས་འདེགས་གང་ཞུ་ཐུབ་ཀྱི་ཡོད་མེད་ཐོག་གྲོས་བསྡུར་གནང་རྒྱུ་ཡིན། ཞེས་བརྗོད་སོང་།
དམིགས་ཡུལ་གཞན་ནི་བོད་ནང་དུ་ཡོད་པའི་བོད་མི་སྤྱི་དང་ལྷག་པར་དུ་ཤེས་ཡོན་པ་དང། རྩོམ་པ་པོ། རི་བ་མོ་དང་གཞས་པ་མང་པོ་ཞིག་རྒྱ་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་དང་བྱེད་བཞིན་པའི་རྣམས་ལ་གདུང་སེམས་མཉམ་བསྐྱེད་བྱེད་ཆེད་དུ་ཡིན། རྒྱ་གཞུང་གིས་བོད་མི་དང་ལྷག་པར་དུ་སྒྱུ་རྩལ་པ་ཚོར་བཙན་གནོན་བྱེད་དགོས་པའི་རྒྱུ་མཚན་ནི་སྒྱུ་རྩལ་པར་ནུས་པ་ཡོད་རེད། སྒྱུ་རྩལ་ལ་སྤྱི་ཚོགས་འགྱུར་བ་གཏོང་རྒྱུ་དང་ཆབ་སྲིད་ཀྱི་སྲིད་དབང་མགོ་རྟིང་སློག་རྒྱུའི་ནུས་པ་ཡོད་རེད། དེར་བརྟེན་རྒྱ་གཞུང་གིས་བོད་མི་སྤྱི་དང་ལྷག་པར་དུ་ཤེས་ཡོན་ཅན་རྡུང་རྡེད་ཚབས་ཆེན་བཏང་དང་གཏོང་བཞིན་པ་རེད། བོད་ཀྱི་སྙན་ངག་པ་ཐེའུ་རང་ལོ་བཞིར་བཙོན་འཇུག་བྱས་པ་རེད། འགར་རྩེ་འཇིགས་མེད་བཙོན་འཇུག་བྱས་པ་རེད། སྒོ་ཤེས་རབ་རྒྱ་མཚོ་ལོ་བཅུའི་བཙོན་འཇུག་ཁྲིམས་ཐག་བཅད་ནས་ད་དུང་བཙོན་ཁང་དུ་ཡོད་རེད། དེ་བཞིན་བོད་ནང་གི་གཞས་པ་ཚེ་དབང་ནོར་བུ་ལགས་ཀྱིས་ཕྱི་ལོ་༢༠༢༢་ལོར་རང་ལུས་མེར་བསྲེགས་བཏང་བ་རེད། དེར་བརྟེན་བོད་ཀྱི་སྒྱུ་རྩལ་པའི་དུས་སྟོན་འདི་བརྒྱུད་ནས་བོད་ནང་གི་བོད་མི་སྤྱི་དང་དམིགས་བསལ་སྒྱུ་རྩལ་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ཡིན། ཞེས་བརྗོད་སོང་།
ཉིན་གསུམ་གྱི་དུས་སྟོན་འདིའི་རིང་། བོད་ཀྱི་རྩོམ་པ་པོ་དང་སྙན་ངག་པ། གཞས་པ། རི་མོ་བ་༣༠་ལྷག་མཉམ་འཛོམས་ཀྱིས་བོད་ཀྱི་རྩོམ་རིག་དང་རི་མོ། སྐད་ཡིག གཞས། སྤྱི་ཚོགས་དང་ཆབ་སྲིད། སྒྱུ་རྩལ་བཅས་ཀྱི་ཐོག་གཏམ་བཤད་དང་གཞས་སྣ་འཁྲབ་སྟོན་གནང་རྒྱུ་ཡིན་འདུག