ཕྱི་ལོ་༢༠༢༤་ཟླ་༡༡ ཚེས་༢༦ ཉིན། རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་རྟེན་གཞི་བྱས་པའི་གདན་ས་དགའ་ལྡན་ཚོགས་ཆེན་དུ། འཇམ་མགོན་༧རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་༡༠༥ པ་རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་གི་ཁྲི་འདོན་མཛད་སྒོ་ཚོགས་སོང་། སྐབས་དེར། ཆོས་བརྒྱུད་ཁག་གི་མཁན་རིན་པོ་ཆེ་དང་མཁན་ལས་ཟུར་རྣམ་པ། དགོན་སྡེ་གྲྭ་ཚང་སོ་སོའི་འཐུས་མི་སྐུ་ཚབ་རྣམ་པ། དགའ་ལྡན་ཕོ་བྲང་གི་སྐུ་ཚབ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་། བོད་མི་མང་སྤྱི་འཐུས་རྣམ་པ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་འཐུས་མི་སོགས་ཁྲི་འདོན་མཛད་སྒོར་ཕེབས་ཡོད་འདུག
དེ་ཡང་། གོང་ཚེས་ཉིན་གྱི་ཞོགས་པ་ཆུ་ཚོད་དྲུག་པའི་ཐོག སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དགའ་ལྡན་ཕུ་ཁང་ཁང་ཚན་ནས་ཕེབས་སྐབས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་དང་ཆོས་རིག་བཀའ་བློན་གཅིག་ལྕོགས་སྐུ་ངོ་སྤེན་པ་ཚེ་རིང་མཆོག་དང་། དགའ་ལྡན་ཕོ་བྲང་གི་སྐུ་ཚབ་ཡང་སྟེང་རིན་པོ་ཆེ། དཔལ་ས་སྐྱ་པའི་སྒྲོལ་མ་ཕོ་བྲང་གི་སྐུ་ཚབ། ཁྲིམས་ཞིབ་པ་གཞན་བསྟན་འཛིན་ལུང་རྟོགས་ལགས། ཤར་བྱང་གྲྭ་ཚང་གཉིས་ཀྱི་སྐྱབས་གནས་མཁན་རིན་པོ་ཆེ་རྣམ་པ་གཉིས་ཀྱི་དབུས་གདན་གསུམ་གྲྭ་ཚང་དྲུག་དང་ཆོས་བཀྲ་ཤིས་ལྷུན་པོ། རྭ་སྟོད་གྲྭ་ཚང་། རྫོང་དཀར་ཆོས་སྡེ། གཙོས་ཆོས་བརྒྱུད་རིས་མེད་ཀྱི་དགོན་སྡེ་ཁག་གི་མཁན་ལས་ཟུར་རྣམ་པ། བོད་མི་མང་སྤྱི་འཐུས་རྣམ་པ་ཁག་ཅིག ལྷོ་སྤྱི་སྐུ་ངོ་དོན་གཅོད། ལྡི་ལི་དོན་གཅོད་ཁང་གི་དྲུང་ཆེ། མོན་གྷོ་ས་གནས་གཞིས་ངོ་། དབུས་ཆུ་བཞི་སྒང་དྲུག་གི་རྒྱུན་ལས། དགོན་སྡེ་གྲྭ་ཚང་སོ་སོའི་འཐུས་མི་སྐུ་ཚབ་རྣམ་པ། གཞན་ཡང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་འཐུས་མི་རྣམ་པ་བཅས་ནས་དུང་རྒྱ་སྤོས་སྣེ་དབུ་གདུགས་དང་བཅས་གསེར་སྦྲེང་ཐོག་དགའ་ལྡན་ཚོགས་ཆེན་དུ་གདན་ཞུ་གནང་འདུག དེ་ནས་སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་སྐུ་ཕྱག་དང་ཐུགས་སྨོན་མཚམས་སྦྱར་གྱིས་མཆོད་འབྲས་ཐོར་ཕུལ་གྱི་རྟེན་གཙོ་ཁག་ལ་སྙན་ཤེལ་དང་སྣང་གསལ་མར་མེ་ཞལ་ཁ་ཕྱེད་གནང་མཛད་འདུག དེའི་རྗེས་གསེར་ཁྲིའི་ཐོག་བཞུགས་གསོལ་མཛད་ནས་ཚོགས་ཆེན་དབུ་མཛད་ནས་གསེར་ཁྲི་མངའ་གསོལ་གྱི་ཁྲི་འདོན་མཛད་སྒོ་དངོས་གཞི་ཚོགས་གནང་ཡོད་འདུག
ཁྲི་འདོན་མཛད་སྒོའི་སྐབས་སུ་སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་སེམས་ཅན་ཐམས་ཅད་སངས་རྒྱས་གོང་འཕང་ལ་འདྲེན་ཆེད་ཐོག་མར་རང་ཉིད་སངས་རྒྱས་གོང་འཕང་ཐོབ་འདོད་པའི་བསམ་བློ་དང་ནུས་པ་ཡོད་དགོས་པ་དང་། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་ཐར་བ་བྱེད་ཀྱི་ཡིན་བསམས་པའི་སེམས་པ་སྐྱེད་དགོས། དེ་བཞིན་༸རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་པ་ངས་སྒྲུབ་ཐུབ་པ་བྱ་རྒྱུ་ཡིན་བསམས་པའི་བསམ་བློ་དགོས་སྐོར་སོགས་ཀྱི་སྐོར་བཀའ་སློབ་གནང་འདུག
༧རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་ནི། བོད་མདོ་སྟོད་ཁུངས་ཀྱི་སྨར་ཁམས་ཚ་ལྷོ་རྫོང་དུ་ཕྱི་ལོ་༡༩༣༦་ལོར་ཡབ་ཚེ་འཕེལ་དང་ཡུམ་ཚེ་ལྷ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཡོད་པ་དང་། ཆུང་དུས་ཁྱིམ་གྱི་བྱིས་པའི་ནང་ནས་ཡི་གེ་སྦྱོར་ཀློག་ཐོག་བཟང་ཤོས་དེ་ཡིན་འདུག ཡབ་ཡུམ་གཉིས་ཀྱིས་ཐོག་མར་ཁྱིམ་ཐབས་སུ་སྦྱར་འདོད་གནང་ཡང་ཁོང་རང་རབ་ཏུ་བྱུང་འདོད་པ་ཤུགས་ཆེན་བསྟན་ཡོད་འདུག དེར་བརྟེན། ཁོང་དགུང་ལོ་ ༡༦ ཐོག་ཁྱིམ་ནས་བྲོས་ཏེ་ཟླ་བ་གཉིས་ཙམ་རིང་ཞབས་ཐང་ཕེབས་ནས་སློང་མོ་རྒྱག་བཞིན་བོད་ཀྱི་རྒྱལ་ས་ལྷ་སར་སླེབས། དེ་རྗེས་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་སྒྲིག་ཞུགས་གནང་ནས་དགེ་བའི་བཤེས་གཉེན་དུ་མའི་དྲུང་ནས་གཞུང་ཆེན་བཀའ་པོད་ལྔར་ཐུགས་གཉེར་གནང་འདུག
ཕྱི་ལོ་ ༡༩༨༥ ལོར་དགེ་བཤེས་ལྷ་རམས་པ་ཨང་དང་པོའི་མཚན་རྟགས་བཞེས་ཡོད་པ་དང་། དེ་རྗེས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལྟར་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་སྒྲིག་ཞུགས་དང་འབྲེལ་སྔགས་ཀྱི་དམ་འཇོག་གནང་བར་མ་ཟད། སྔ་རྗེས་སུ་རྒྱུད་སྟོད་གྲྭ་ཚང་གི་དགེ་བསྐོས་དང་བླ་མ་དབུ་མཛད། མཁན་པོ་བཅས་གནང་ཡོད་འདུག གཞན་༧གོང་ས་མཆོག་གི་བཀའ་དགོངས་བཞིན་འཇིགས་བྱེད་ཀྱི་བསྙེན་ཆེན་དང་ཡི་དམ་མང་པོའི་བསྙེན་པ་བཏང་ཡོད་པ་དང་། གདན་སའི་དགེ་བཤེས་རྣམས་ལ་སྔགས་གཞུང་གི་འཆད་ཁྲིད་ཀྱང་གནང་ཡོད་འདུག
སླར་འབྲས་སྤུངས་ལ་ཕེབས་ནས་གདན་སའི་སློབ་སློབ་གཉེར་བ་མང་པོར་གཞུང་ཆེན་བཀའ་པོད་ལྔའི་རྩ་བ་ཁག་གི་བཤད་ལུང་དང་། བཤད་ཁྲིད། གསང་སྔགས་ཀྱི་གཞུང་གི་ཟབ་ཁྲིད་སོགས་གནང་ནས་སྐུ་ཚེ་གང་པོར་རྒྱལ་བསྟན་འཛིན་སྐྱོང་སྤེལ་གསུམ་ལ་ཞབས་འདེགས་ཞུས་དང་ཞུ་མུས་ཡིན་པ་དང་། དགུང་གྲངས་བརྒྱད་ཅུ་ལ་ཕེབས་པ་ཕྱི་ལོ་༢༠༡༦ ལོའི་ཟླ་ ༡༢ ཚེས་ ༡༧ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཤར་པ་ཆོས་རྗེར་བསྐོ་གཞག་མཛད་པའི་བཀའ་ཡིག་སྩལ་དོན་ལྟར། ༧གོང་ས་༧སྐྱབས་མགོན་ཆེན་པོས་རྡོར་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པ་གནང་གྲུབ་རྗེས་དངོས་སུ་ཤར་པ་ཆོས་རྗེའི་ཁྲི་སྟོན་མངའ་གསོལ་གྱི་མཛད་སྒོ་ཚོགས་ཡོད་འདུག