25
མིག, གསུམ་པ།

Expired

ཕྱི་ལོ་ ༢༠༢༤ ཟླ་ ༡༡ ཚེས་ ༢༢ ཉིན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱ་གར་རྒྱལ་ཡོངས་བོད་དོན་དྲིལ་བསྒྲགས་ཀྱི་འཕྲུལ་རྟ་སྐོར་སྐྱོད་ཀྱི་ལས་འགུལ་དེ་ཧིན་བོད་གཉིས་ཀྱི་ས་མཚམས་འབུམ་ལ་(Bumla Pass)ནས་དངོས་སུ་དབུ་འཛུགས་གནང་འདུག

བཙན་བྱོལ་གྱི་གསར་འགྱུར།
Typography
  • Smaller Small Medium Big Bigger
  • Default Helvetica Segoe Georgia Times

ཕྱི་ལོ་ ༢༠༢༤ ཟླ་ ༡༡ ཚེས་ ༢༢ ཉིན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱ་གར་རྒྱལ་ཡོངས་བོད་དོན་དྲིལ་བསྒྲགས་ཀྱི་འཕྲུལ་རྟ་སྐོར་སྐྱོད་ཀྱི་ལས་འགུལ་དེ་ཧིན་བོད་གཉིས་ཀྱི་ས་མཚམས་འབུམ་ལ་(Bumla Pass)ནས་དངོས་སུ་དབུ་འཛུགས་གནང་འདུག སྐབས་དེར། ཧིན་བོད་ས་མཚམས་སུ་ལས་འགུལ་བ་ཚོས་ ༼ ༸གོང་ས་༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག༽ ༼བོད་ཀྱི་བདག་པོ་བོད་མི་ཡིན།༽ ༼བོད་རང་བཙན་རྒྱལ་ལོ།༽ ༼བོད་རང་བཙན་ནི་རྒྱ་གར་གྱི་བདེ་འཇགས་ཡིན།༽སོགས་ཀྱི་འབོད་ཚིག་སྒྲོག་པ་དང་བོད་ཀྱི་རྒྱལ་དར་དང་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་དར་སོགས་འཕྱར་ཏེ སྐད་འབོད་གནང་ནས་ལས་འགུལ་དངོས་སུ་དབུ་འཛུགས་སོང་།

དེ་ཡང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱ་གར་རྒྱལ་ཡོངས་བོད་དོན་དྲིལ་བསྒྲགས་ཀྱི་འཕྲུལ་རྟ་སྐོར་སྐྱོད་དེ་རྒྱ་གར་མངའ་སྡེ་༢༠་ནང་གི་གྲོང་འཁྱེར་༡༡༠ ལྷག་གི་ནང་དུ་བསྐྱོད་རྒྱུ་ཡིན་འདུག ལས་འགུལ་དེའི་ནང་དུ་ཉམས་ཞུགས་གནང་མཁན་འཕྲུལ་རྟ་བཞོན་མཁན་༡༥་དང་རོགས་རམ་གནང་བཁན་བཅས་ཁྱོན་༢༠ ལྷག་ཡོད་འདུག ཁོ་ཚོས་ས་གནས་ཁག་དང་གྲོང་འཁྱེར་ཁག་ལ་སླེབས་སྐབས་རྒྱ་གར་དབུས་དང་མངའ་སྡེའི་གྲོས་ཚོགས་འཐུས་མི་དང་། བོད་དོན་རྒྱབ་སྐྱོར་བ་ དང་འབྲེལ་ཡོད་དཔོན་རིགས་ཁག་ལ་མཇལ་འཕྲད་ཀྱིས་ད་ལྟའི་ཆར་དགྲ་བོ་རྒྱ་དམར་སྲིད་གཞུང་གིས་བོད་ནང་བོད་ཀྱི་ཆོས་དང་རིག་གཞུང་མི་རིགས་དང་བཅས་པ་རྩ་མེད་བཟོ་རྒྱུའི་སྲིད་བྱུས་འདྲ་མིན་ཞིག་ལག་བསྟར་བྱེད་བཞིན་པའི་སྐོར་འགྲེལ་བརྗོད་གནང་རྒྱུ་དང་བོད་དོན་རྒྱབ་སྐྱོར་ཡོང་བའི་རེ་བ་ཞུ་རྒྱུ་ཡིན་འདུག དེ་བཞིན་ས་གནས་ཁག་ལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱ་གར་རྒྱལ་ཡོངས་བོད་དོན་དྲིལ་བསྒྲགས་ཀྱི་འཕྲུལ་རྟ་སྐོར་སྐྱོད་ལས་འགུལ་གྱི་དམིགས་ཡུལ་དང་དགོས་འདུན་རྣམས་གསར་འགོད་གསལ་བསྒྲགས་གནང་རྒྱུ་ཡིན་འདུག

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས་བརྗོད་དོན། ཕྱི་ལོ་ ༢༠༢༤ ཟླ་ ༡༡ ཚེས་ ༢༢ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱ་གར་རྒྱལ་ཡོངས་བོད་དོན་དྲིལ་བསྒྲགས་ཀྱི་འཕྲུལ་རྟ་སྐོར་སྐྱོད་དེ་བཞིན་ཧིན་བོད་གཉིས་ཀྱི་ས་མཚམས་འབུམ་ལ་ནས་དངོས་སུ་དབུ་འཛུགས་ཞུས་ཡོད་པ་དང་། འཕགས་བོད་མཛའ་འབྲེལ་ཚོགས་པའི་རྒྱལ་ཡོངས་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་པན་ཀ་ཇི་གོ་ཡལ་མཆོག་གིས་དབུ་འབྱེད་གནང་ཡོད་པ་མ་ཟད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་དང་ཟུང་དྲུང་། དྲྭ་རྒྱ་དོ་དམ་པ་བཅས་ཀྱིས་སྣེ་ཁྲིད་འོག་འཕྲུལ་རྟ་སྐོར་སྐྱོད་ཀྱི་དྭང་བླངས་ལས་འགུལ་བ་དང་འཕགས་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་བཅས་ནས་༼༧གོང་ས་༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག༽ ༼བོད་ཀྱི་བདག་པོ་བོད་མི་ཡིན།༽ ༼བོད་རང་བཙན་རྒྱལ་ལོ།༽ ༼བོད་རང་བཙན་ནི་རྒྱ་གར་གྱི་བདེ་འཇགས་ཡིན།༽སོགས་ཀྱི་འབོད་ཚིག་སྒྲོག་པ་དང་བོད་ཀྱི་རྒྱལ་དར་དང་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་དར་སོགས་འཕྱར་ཏེ་ས་མཚམས་རང་ལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཐུབ་ཡོད།

གཞན་ཡང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བསྒྲགས་གཏམ་ནང་དུ་གསལ་དོན། རྒྱ་གར་དབུས་དང་མངའ་སྡེའི་གྲོས་ཚོགས་འཐུས་མི་དང་། བོད་དོན་རྒྱབ་སྐྱོར་བ་གཙོས་ས་གནས་ཀྱི་གསར་འགོད་པ་དང་འབྲེལ་ཡོད་དཔོན་རིགས་ཁག་ལ་མཇལ་འཕྲད་ཀྱིས་ད་ལྟའི་ཆར་དགྲ་བོ་རྒྱ་དམར་སྲིད་གཞུང་གིས་བོད་ནང་བོད་ཀྱི་ཆོས་དང་རིག་གཞུང་མི་རིགས་དང་བཅས་པ་རྩ་མེད་བཟོ་རྒྱུའི་སྲིད་བྱུས་འདྲ་མིན་ཞིག་ལག་བསྟར་བྱེད་མུས་ཀྱིས་བོད་ཕྲུག་རྣམས་བཙན་གྱིས་གཏན་འཇགས་སློབ་གྲྭའི་ནང་བཙན་འཇུག་བྱེད་པ་དང་། བོད་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་མི་ཉམས་རྒྱུན་འཛིན་གནང་མཁན་གྱི་དགེ་རྒན་དང་།ཤེས་ཡོན་པ་རྣམས་ལ་མ་ཉེས་ཁག་གཡོག་གིས་ཉེས་མིང་སྣ་ཚོགས་བཏགས་ཏེ་འཛིན་བཟུང་བཙོན་འཇུག་བྱས་དང་བྱེད་མུས་ཐོག་སྒེར་གྱི་སློབ་གྲྭ་རྣམས་བཙན་གྱི་སྒོ་རྒྱབ་བཞིན་པའི་ཛ་དྲག་གི་གནས་སྟངས་གཙོས་དགོན་སྡེ་ཁག་གི་གྲྭ་བཙུན་རྣམས་དགོན་པ་ནས་ཕྱིར་ཕུད་ཀྱིས་གཏན་འཇགས་སློབ་གྲྭའི་ནང་བཙན་འཇུག་སོགས་བྱས་ཏེ་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་བཞིན་པའི་ཛ་དྲག་གནས་སྟངས་ཐོག་རྒྱ་གར་གཞུང་དམངས་གཉིས་གཙོས་རྒྱལ་སྤྱིའི་སྲིད་གཞུང་དང་།དེ་མིན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ནས་ཐུགས་སྣང་དང་དེ་དག་མཚམས་འཇོག་དགོས་པའི་གནོན་ཤུགས་སྤྲོད་རྒྱུར་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། གཞན་ཡང་བོད་རྒྱལ་ཁབ་ཆེན་པོ་འདི་བཞིན་མི་ལོ་སྟོང་ཕྲག་དུ་མར་རང་བཙན་གྱི་གནས་བབ་ཐོག་རང་ས་རང་སྲུང་བྱས་ཏེ་ཁྱིམ་མཚེས་རྒྱལ་ཁབ་རྣམས་ལ་འབྲེལ་ལམ་ཟབ་མོ་ཉར་ཡོད་ན་ཡང་དགྲ་བོ་རྒྱ་དམར་སྲིད་གཞུང་ནས་བོད་ས་བཙན་བཟུང་བྱས་ཏེ་ཧིན་བོད་གཉིས་ཀྱི་ས་མཚམས་བརྟན་ལྷིང་མེད་པ་བཟོས་ཡོད་པ་མ་ཟད། དགྲ་བོ་རྒྱ་དམར་སྲིད་གཞུང་ནས་རྒྱ་སྐྱེད་རིང་ལུགས་ཀྱི་སྲིད་བྱུས་འོག་དུས་ནས་དུས་སུ་རྒྱ་གར་གྱི་ས་ཐོག་ཏུ་སིམ་འཛུལ་དང། དམག་འཐབ་སོགས་བྱེད་མུས་དང། ཧིན་བོད་གཉིས་ཀྱི་ས་མཚམས་ཁུལ་དུ་འཛུགས་སྐྲུན་ལས་གཞི་གང་མང་ཞིག་འགྲོ་བཞིན་ཡོད་པར་སོང་། ལས་གཞི་དེའི་རིགས་ཀྱིས་རྒྱ་གར་གྱི་བདེ་འཇགས་ལ་ཡང་ཉེན་ཁ་བཟོ་བཞིན་ཡོད་པས་རྒྱ་གར་གཞུང་དམངས་གཉིས་ནས་ཀྱང་དགྲ་བོ་རྒྱ་དམར་སྲིད་གཞུང་གི་བྱ་སྤྱོད་དེ་རིགས་ལ་དོ་སྣང་ཡིད་གཟབ་ནན་པོ་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། དམིགས་བསལ་བོད་རང་བཙན་ནི་རྒྱ་གར་གྱི་བདེ་འཇགས་ཡིན་པས་རྒྱ་གར་གཞུང་དམངས་གཉིས་ནས་བོད་ནི་ལོ་རྒྱུས་ཐོག་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པར་ངོས་འཛིན་དང་དམིགས་བསལ་ལོ་རྒྱུས་ཐོག་ཧིན་བོད་གཉིས་ཀྱི་ས་མཚམས་ལས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཟེར་བ་ཞིག་རྩ་བ་ནས་མེད་ཚུལ་སོགས་ཀྱི་ཐད་གྲོས་ཆོད་གཏན་འབེབས་ཡོང་རྒྱུར་འབོད་སྐུལ་ཞུ་རྒྱུ་ཡིན།

དམིགས་བསལ་ཉེ་བའི་འཆར་དགྲ་བོ་རྒྱ་དམར་སྲིད་གཞུང་ནས་འཛུགས་སྐྲུན་གྱི་ལས་གཞི་འདྲ་མིན་ལ་ཁ་གཡར་ཏེ་བོད་མདོ་དབུས་ཁམས་གསུམ་གྱི་ས་ཁུལ་འདྲ་མིན་ནས་གཏེར་ཁ་སྔོག་འདོན་བྱས་ཏེ་རི་ཆུ་ནགས་གསུམ་གྱི་རང་བྱུང་ཁོར་ཡུག་ལ་དོ་ཕོག་ཚབས་ཆེན་བཟོ་བཞིན་ཡོད་པ་དང་། ལོ་རྒྱུས་རང་བཞིན་གྱི་རྩ་ཆེའི་གནས་རི་དང་དགོན་པ་སོགས་རྩ་གཏོར་བཏང་དང་གཏོང་མུས་ཡིན་པ་མ་ཟད། ད་ལྟའི་ཆར་འབྲི་ཆུའི་བཞུར་རྒྱུན་དུའང་ཆུ་རགས་གསར་རྒྱག་གི་ལས་གཞི་འདྲ་མིན་ཞིག་ལག་བསྟར་བྱེད་མུས་ཀྱིས་བོད་མིའི་འཚོ་གནས་ལ་རྡབ་གསིགས་དང་ཉེན་ཁ་སྤྲད་པ་ཙམ་མ་ཡིན་པར། འབྲི་ཆུའི་བཞུར་རྒྱུན་དུ་འཚོ་གནས་བྱེད་བཞིན་པའི་ཉེ་འབྲེལ་རྒྱལ་ཁབ་གཞན་ལ་ཡང་ཉེན་ཁ་དང་དཀའ་ངལ་གཅིག་མཚུངས་སུ་སྤྲད་དང་སྤྲོད་མུས་ཡིན་པས་འབྲེལ་ཡོད་རྒྱལ་ཁབ་གཞན་ཚོའི་ངོས་ནས་ཀྱང་བོད་ནང་གི་ཛ་དྲག་གནས་སྟངས་ལ་ཐུགས་སྣང་ཡོང་རྒྱུར་རེ་བ་ཞུ་བཞིན་ཡོད། གཞན་ཡང་ད་ལེན་གྱི་སྦག་སྦག་སྐོར་སྐྱོད་སྐབས་བོད་རིགས་དགུན་ཚོང་ཁྲོམ་ས་ཁག་ལ་ཡང་སྐོར་སྐྱོད་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་དང་བོད་མིའི་ཆིག་སྒྲིལ་གྱི་ནུས་པ་མཉམ་སྤུང་ཐོག་དགྲ་བོ་རྒྱ་དམར་སྲིད་གཞུང་ལ་འགོག་རྒོལ་གྱི་ལས་འགུལ་སྤེལ་དགོས་གལ་སོགས་ཀྱི་གཏམ་བཤད་དྲིལ་བསྒྲགས་ཀྱང་ཞུ་རྒྱུ་ཡིན། ཞེས་བཀོད་འདུག

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྐོར་སྐྱོད་ལས་འགུལ་ཀྱི་དམིགས་ཡུལ་དང་དགོས་འདུན་གསུམ་བཏོན་འདུག དེ་དག་ནི་ ༡༽ དགྲ་བོ་རྒྱ་དམར་སྲིད་གཞུང་གིས་བོད་ནང་ཁྲིམས་མེད་ལུགས་མེད་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་བཏང་དང་གཏོང་བཞིན་པར་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཐུགས་སྣང་འགན་འཁུར་དང་། རྒྱ་གཞུང་གིས་དེ་དག་མྱུར་དུ་མཚམས་འཇོག་ཡོང་སླད་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུ་རྒྱུ། ༢༽ རྒྱ་གར་གཞུང་དམངས་གཉིས་ལ་བཀའ་དྲིན་ཆེ་ཞུ་དང་རྒྱ་གར་གྱི་བདེ་འཇགས་དང་ཞི་བདེ་སོགས་ལ་དམིགས་ཏེ། བོད་རང་བཙན་གྱི་བདེན་དཔང་ལོ་རྒྱུས་ལ་རྒྱབ་སྐྱོར་གྱི་གྲོས་ཆོད་གཏན་འབེབས་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་རྒྱུ། ༣༽ དགྲ་བོ་རྒྱ་དམར་སྲིད་གཞུང་གིས་བོད་ནང་འཛུགས་སྐྲུན་ལས་གཞི་མང་དག་ཅིག་ལག་བསྟར་བྱེད་མུས་ཀྱིས། མཐོ་སྒང་བོད་ཀྱི་རི་ཆུ་ནགས་གསུམ་ལས་གཏེར་ཁ་སྔོག་འདོན་དང་། ཆུ་མཛོད་གསར་རྒྱག རྡུལ་ཕྲན་མཚོན་ཆ་གཙོས་པའི་གོ་མཚོན་སོགས་ཀྱིས་བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་དང་འཛམ་གླིང་སྤྱིའི་གནམ་གཤིས་འགྱུར་ལྡོག་ལ་ཤུགས་རྐྱེན་ངན་པ་བཟོ་བཞིན་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐད་ཐུགས་སྣང་དང་རྒྱབ་སྐྱོར་གནང་རོགས་ཞུ་རྒྱུ། ཞེས་བཀོད་འདུག