ཕྱི་ལོ་༢༠༢༤ ལོའི་ཟླ་༡༡ པའི་༡༩ ཉིན། གཏོང་ལེན་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་ཉི་ཤུ་འཁོར་བའི་དུས་དྲན་སྲུང་བརྩི་གནང་སོང་། གཏོང་ལེན་སློབ་གྲྭ་གསར་འཛུགས་གནང་མཁན་རྒན་བློ་བཟང་འཇམ་དབྱངས་ལགས་ཀྱིས་འདས་པའི་ལོ་༢༠ ཡི་ནང་དུ་རྒྱ་གར་སྤྱི་ཚོགས་ནང་དུ་ཉམ་ཐག་མི་གྲངས་སྟོང་ཕྲག་༢༣་ལྷག་ལ་རོགས་པ་བྱས་ཐུབ་ཡོད། སྲང་ལམ་དུ་སློང་མོ་རྒྱག་སྡོད་མཁན་གྱི་བྱིས་པ་མང་པོ་ཞིག་ད་ལྟར་སློབ་གྲྭ་འདི་ནས་ཐོན་ནས་མཐོ་སློབ་འགྲོ་བཞིན་པ་དང་མཐོ་སློབ་ཐོན་ནས་གང་ཙམ་ཡག་པོ་ཆགས་བསྡད་འདུག ཅེས་གསུངས་སོང་།
དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་༡༡།༣༠ ཐོག བཞུགས་སྒར་རྡ་རམ་ས་ཉེ་འཁྲིས་སུ་ཡོད་པའི་གཏོང་ལེན་སློབ་གྲྭ་ནང་དུ། ཕྱི་ལོ་༢༠༠༤ ལོར་སྤྱི་ནོར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་གཏོང་ལེན་སློབ་གྲྭ་དངོས་སུ་དབུ་དབྱེད་བཀའ་དྲིན་བསྐྱངས་ནས། དེ་རིང་ནི་ལོ་ངོ་ཉི་ཤུའི་འཁོར་བའི་ཉིན་མོ་སྲུང་བརྩི་ཞུས་སོང་།
དུས་དྲན་སྲུང་བརྩིའི་མཛད་སྒོའི་ཐོག སྐུ་མགྲོན་གཙོ་བོར་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་དང་། སྐུ་མགྲོན་གཞན་རྣམས་ནི་སློབ་གྲྭ་དེའི་སྦྱིན་བདག་དང་སྐུ་སྒེར་ཡིག་ཚང་གི་ལས་བྱེད། ས་གནས་ཁག་གི་དབུ་ཁྲིད། རྡ་སའི་ས་གནས་མགོ་འཛིན་གཙོས་པའི་བོད་རིགས་མང་པོ་ཞིག་ཀྱང་སྐུ་མགྲོན་དུ་གདན་ཞུ་གནང་འདུག དེ་བཞིན་སློབ་ཕྲུག་རྣམས་ཀྱི་ཕ་མ་དང་རྒྱ་གར་ཡུལ་མི་མང་པོ་ཞིག་ཕེབས་གནང་འདུག
མཛད་སྒོའི་ཐོག གཏོང་ལེན་གྱི་ལོ་རྒྱུས་ངོ་སྤྲོད་དང་འབྲེལ་སྤྱི་ནོར་༧གོང་ས་སྐྱབས་མགོན་རིན་པོ་ཆེན་པོ་དང་སྐུ་སྒེར་ཡིག་ཚང་ལ་ད་བར་རོགས་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུས་སོང་། གཞན་ཡང་གཏོང་ལེན་སློབ་ཕྲུག་ཚོས་རྒན་བློ་བཟང་འཇམ་དབྱངས་ལགས་ཀྱིས་ཐོག་མར་སྐྱབས་མེད་མགོན་མེད་དང་སྲང་ལམ་ནས་སློང་མོ་རྒྱག་མཁན་གྱི་བྱིས་པ་ཆུང་ཆུང་ཚོར་ཇི་ལྟར་ལྟ་སྐྱོང་གནང་ཡོད་པ་དང་དེ་ནས་བྱིས་པ་དེ་ཚོར་སྡོད་ཁང་ཐོག་མར་བརྒྱབས་པའི་སྐོར། དེ་ནས་རིམ་བཞིན་བྱིས་པ་རྣམས་སློབ་གྲྭ་དང་སྡོད་ཁང་མཐུན་སྐྱོར་གནང་བ་སོགས་ཀྱི་སྐོར་སེམས་འགུལ་ཐེབས་པའི་འཁྲབ་སྟོན་གྱི་ལམ་ནས་རྒྱ་གར་བ་དང་མི་མང་ལ་བསྟན་གནང་སོང་།
གཏོང་ལེན་སློབ་གྲྭ་གསར་འཛུགས་གནང་མཁན་རྒན་བློ་བཟང་འཇམ་དབྱངས་ལགས་ཀྱིས་འདི་ག་གསར་ཁང་ལ་གསུང་དོན། དེ་རིང་ནི་གཏོང་ལེན་བཙུགས་ནས་མི་ལོ་༢༠་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་བཞིན་ཡོད་རེད། འདས་པའི་ལོ་༢༠ ཡི་ནང་དུ་རྒྱ་གར་སྤྱི་ཚོགས་ནང་དུ་ཉམས་ཐག་ལ་རོགས་པ་བྱས་པ་རེད། རྒྱ་གར་ཉམས་ཐག་མི་གྲངས་སྟོང་ཕྲག་༢༣་ལྷག་ལ་རོགས་པ་བྱས་ཡོད། བྱིས་པ་སྲང་ལམ་དུ་སློང་མོ་རྒྱག་སྡོད་མཁན་མང་པོ་ཞིག་ད་ལྟར་སློབ་གྲྭ་འདི་ནས་ཐོན་ནས་མཐོ་སློབ་འགྲོ་བཞིན་པ་དང་མཐོ་སློབ་ཐོན་ནས་གང་ཙམ་ཡག་པོ་ཆགས་བསྡད་འདུག བརྒྱུད་ལམ་འདི་བརྒྱུད་ནས་༸སྤྱིར་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་སྐུ་སྒེར་ཡིག་ཚང་ལ་ད་བར་རྒྱབ་སྐྱོར་དང་མཉམ་ལས་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་གཏོང་ལེན་ཡང་ལག་ཚོགས་པའི་སྦྱིན་བདག་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་བརྗོད་སོང་།
ཁོང་གིས་མུ་མཐུད་ནས་སློབ་གྲྭ་དེར་སློབ་མ་ག་ཚོད་ཡོད་མེད་སྐོར་ནས་གསུང་དོན། ད་ལྟའི་ཆར་སློབ་གྲྭ་ནང་དུ་སློབ་མ་༣༠༠་དང་ལག་ཤེས་བཟོ་གྲྭར་ནང་ཞུགས་མཁན་སློབ་མ་༢༠༠་དང་། དེ་བཞིན་མཐོ་སློབ་འགྲེམས་བཞིན་པའི་སློབ་མ་༡༥་ནས་༢༠་བར་ཡོད་རེད། ཁྱོན་བསྡོམས་སློབ་མ་ལྔ་བརྒྱ་ལྷག་ཡོད། གཏོང་ལེན་ངོས་ནས་རྒྱ་གར་ཉམས་ཐག་མི་མང་༣༠༠༠་ལྷག་རྒྱུན་དུ་འཕྲོད་བསྟེན་ལྟ་སྐྱོང་བྱེད་ཀྱི་ཡོད་རེད། ཅེས་གསུངས་སོང་།