ཕྱི་ལོ་༢༠༢༥ ཟླ་༢ ཚེས་༡༨ ཉིན། བོད་ཀྱི་གླུ་བ་བློ་བཟང་ལགས་གློ་བུར་དུ་འདས་གྲོངས་སུ་ཕྱིན་ཡོད་པའི་ཡིད་སྐྱོ་བའི་གནས་ཚུལ་ཐོན་འདུག་པར་གཞིས་བྱེས་གཉིས་ཀྱི་བོད་མི་ཚོས་ཁོང་ལ་མྱ་ངན་ཞུས་སོང་། ཁོང་ནི་ཕ་སྐད་གཙང་མའི་ལམ་ནས་གླུ་ལེན་མཁན་ཞིག་ཡིན་ཞིང་། ཁོང་གིས་སྐྱབས་མགོན། འཛམ་གླིང་ཞི་བདེ། ཁ་བའི་སྐྱིད་སྡུག ཉི་ཟླ་སྐར་གསུམ། བོད་རིགས་སྤུན་ཟླ། རྒྱང་འབོད་སེམས་ཀྱི་རི་མོ། བུ་མོ་དབྱངས་དཀར་སྒྲོལ་མ་སོགས་སྐད་གྲགས་ཅན་གྱི་གླུ་གཞས་མང་པོ་ལེན་ཡོད་པ་མ་ཟད། ༸གོང་ས་མཆོག་ལ་བསྟོད་གླུ་དང་བླ་མ་བཟང་པོ། དེ་བཞིན་མཐུན་སྒྲིལ་གྱི་རང་སྒྲ་ཞེས་པའི་གཞས་སོགས་བསྐྱར་ལེན་གནང་འདུག
དེ་ཡང་། གོང་ཚེས་ཉིན་གྱི་བོད་ནང་ཉིན་དགུང་ཆུ་ཚོད་༡་ཡས་མས་ལ་གླུ་བ་གྲགས་ཅན་བློ་བཟང་ངམ་ཨ་མདོ་བློ་བཟང་མིང་གཞན་ལ་ཟླ་བ་བློ་བཟང་ལགས་སྨན་ཁང་ཞིག་ཏུ་འདས་གྲོངས་སུ་ཕྱིན་ཡོད་འདུག བརྒྱུད་ལམ་ཁག་ནས་བརྗོད་དོན་ལྟར་ན་ཁོང་ལ་གློ་གཅོང་ནད་(TB)་དང་གཅིན་སྙི་ཟ་ཁུ་ནད་ཀྱིས་མནར་ནས་འདས་གྲོངས་སུ་ཕྱིན་ཡོད་པར་བརྗོད་འདུག འོན་ཀྱང་། མི་གཞན་མང་པོ་ཞིག་གིས་ཁོང་གློ་བུར་དུ་འདས་གྲོངས་སུ་ཕྱིན་པའང་དོགས་པ་བྱེད་ཀྱི་འདུག གང་ཡིན་ཟེར་ན་གློ་གཅོང་ནད་དང་གཅིན་སྙི་ཟ་ཁུ་ནད་ཀྱིས་ཚེ་སྲོག་འཕྲོག་པའི་ཉེན་ཁ་དེ་འདྲ་མེད་པ་བརྗོད་བཞིན་འདུག གླུ་བ་བློ་བཟང་ལགས་འདས་གྲོངས་སུ་འགྲོ་སྐབས་རང་ལོ་༣༩ ཡིན་འདུག ཁོང་ནི་བོད་མདོ་སྨད་རྔ་བ་ཁུལ་རྐ་ཁོག་རྫོང་ནས་ཡིན་འདུག
གླུ་བ་བློ་བཟང་ལགས་ཀྱིས་བོད་མདོ་དབུས་ཁམས་སུ་གྲགས་པའི་གླུ་གཞས་མང་པོ་བཏང་ཡོད་འདུག ཁོང་གི་ཆེད་བསྒྲིགས་འཁོར་བའི་ཉི་མ་ཞེས་པ་དང་། འཛམ་གླིང་ཞི་བདེ། བོད་མིའི་ལས། རྨི་ལམ་ནང་གི་མཛའ་མོ་སོགས་ཡོད་འདུག དེ་བཞིན་ཁོང་གིས་འཛམ་གླིང་ཞི་བདེ་ཞེས་པའི་གཞས་དེ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྲན་གླུ་རེད་འདུག དེའི་ནང་དུ་། ཁ་བའི་བུ་ཆུང་ང་ཡིས། འཛམ་གླིང་ཞི་བདེའི་ཉི་མ། ཁྱེད་ཉིད་རེ་སྒུག་བྱས་པ། ལོ་གཅིག་ལོ་གཉིས་མ་ཡིན། འཇིག་རྟེན་མུན་པའི་ཁྲོད་ནས། འཛམ་གླིང་ཞི་བདེའི་ཟླ་བ། ང་ཡིས་ཁྱེད་ཉིད་དྲན་པ། ད་ནངས་དོ་དགོང་མ་རེད། ཡར་ཀླུང་གཙང་པོའི་ཕྱོགས་ནས། ཁྱེད་ཀྱི་ཕྱོགས་ལ་ཉན་ཉན། ཡར་ཀླུང་གཙང་པོ་རྒས་སོང་། ངའི་མིག་གཉིས་བཙུམ་མེད། ཧི་མ་ཡའི་ཕྱོགས་ནས། ཁྱེད་ཀྱི་ཕྱོགས་ལ་བལྟས་བལྟས། ཧི་མ་ཡ་དེ་གཟིམ་སོང་། ངའི་མིག་གཉིས་བཙུམ་མེད། ཞེས་བླངས་འདུག
གླུ་བ་བློ་བཟང་ལགས་ཀྱིས་སྐྱབས་མགོན་ཞེས་པའི་ནང་དུ། མགོན་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ། ང་ཡི་བླ་མ་ལགས། ཁོང་རྒྱལ་དབང་བསྟན་འཛིན་རྒྱ་མཚོ། བོད་མིའི་ལྷ་སྐལ་རེད། ང་ཡི་བླ་མ་ལགས། ཞི་བདེའི་རྒྱལ་པོ་ཆེན་པོ་རེད། ཞེས་དང་། ཁོང་གིས་བོད་རིགས་སྤུན་ཟླ་ཞེས་པའི་གཞས་ནང་དུ། སྐྱིད་ན་སྐྱིད་པའི་རྟ་པོ་ཞོན་རོགས་བོད་རིགས་སྤུན་ཟླ་རེད། སྡུག་ན་སྡུག་གི་ཁུར་བོ་འཁུར་རོགས་བོད་རིགས་སྤུན་ཟླ་རེད། སྐྱིད་སྡུག་སེམས་ཀྱི་མདུད་པ་དམ་དགོས། ང་ཚོ་ཚང་མ་བོད་རིགས་སྤུན་ཟླ་རེད། དགའ་ན་སེམས་ཀྱི་གླུ་དབྱངས་ལེན་རོགས་བོད་རིགས་སྤུན་ཟླ་རེད། སྐྱོ་ན་མིག་གི་མཆི་མ་ཕྱི་རོགས་བོད་རིགས་སྤུན་ཟླ་རེད། དགའ་སྐྱོ་སྙིང་གཏམ་རྒྱུན་དུ་གླེང་རོགས། ང་ཚོ་ཚང་མ་བོད་རིགས་སྤུན་ཟླ་རེད། གསོན་ན་སྦྲང་དཀར་རྩམ་པ་ཟ་རོགས་བོད་རིགས་སྤུན་ཟླ་རེད། ཤི་ན་མ་ཎིའི་ཕྲེང་བ་འདྲེན་རོགས་བོད་རིགས་སྤུན་ཟླ་རེད། ཤི་གསོན་མཉམ་པའི་མཐུན་སྒྲིལ་ཡོད་དགོས། ང་ཚོ་ཚང་མ་བོད་རིགས་སྤུན་ཟླ་རེད། ཅེས་བླངས་འདུག
གླུ་བ་བློ་བཟང་ལགས་ཀྱིས་རྒྱང་འབོད་སེམས་ཀྱི་རི་མོ་ཞེས་པའི་གཞས་ནང་དུ། རང་རིགས་བོད་ཀྱི་བླ་སྲོག ནང་བསྟན་རིག་པའི་ཟུངས་ཁྲག བོད་ཀྱི་སྐད་དང་ཡི་གེ རྒྱུན་དུ་བེད་སྤྱོད་གཏོང་རོགས་ཞེས་ལེན་འདུག དེ་བཞིན་ཁ་བའི་སྐྱིད་སྡུག་ཅེས་པའི་ནང་དུ། ང་བུ་ཆུང་རྒྱ་གར་ཡུལ་ལ་སོང་། རྗེ་འཕགས་མཆོག་ཕྱག་ན་པད་མོར། བོད་ཁ་བའི་སྐྱིད་སྡུག་ཞུས་ནས་ཡོང་། ཅེས་སོགས་བླངས་འདུག
ད་དུང། ཁོང་གིས་གངས་ལ་སེང་གེ་འཁོར་འཁོར། བོད་ལ་སེམས་པ་འཁོར་ཡོད། ང་དང་གདོང་དམར་བོད་པ། ཤ་རུས་གཅིག་གི་སྤུན་ཡིན། རྫ་ལ་འབྲོང་མོ་འཕྲེང་འཕྲེང་། བོད་ལ་སེམས་འཕྲེང་ཡོད། ང་དང་གངས་ཅན་བོད་པ། ཆོས་རྒྱལ་གཅིག་གི་འབངས་ཡིན། ཞེས་གླུ་བླངས་འདུག མདོར་ན། གླུ་བ་བློ་བཟང་ལགས་ནི་བོད་རྒྱལ་ཁབ་དང་མི་རིགས་ལ་དུང་ཞེན་ཆེ་བའི་ལ་རྒྱ་ཅན་གྱི་གླུ་བ་ཞིག་ཡིན་པ་མ་ཟད། རྒྱུན་དུ་དཔལ་འབྱོར་ཞེན་པའི་བོད་མི་རྣམས་ལ་རོགས་རམ་བྱེད་མཁན་གྱི་སེམས་བཟང་གི་གླུ་བ་ཞིག་ཡིན་འདུག ཁོང་གློ་བུར་དུ་འདས་གྲོངས་སུ་ཕྱིན་པར་བོད་གཞིས་བྱེས་གཉིས་ཀྱི་བོད་མི་རྣམས་ཀྱིས་ཁོང་ལ་མྱ་ངན་དང་བཀའ་དྲིན་རྗེས་དྲན་བྱས་དང་བྱེད་བཞིན་འདུག
བོད་མི་ཞིག་གིས་ཕ་སྐད་དང་མ་ཡིག་གཙུག་ཏུ་བཀུར་བའི་ཕ་སྐད་གཙང་མའི་གཞས་མཁན་བློ་བཟང་ལགས། ཁྱེད་ཕེབས་པ་སྔ་སོང་བས་རིགས་མཐུན་མང་བོ་ཞིག་གདུང་ཡུས་ཀྱི་གནས་སུ་ལྷུང་འདུག
བོད་མི་ཞིག་གིས་ང་ཡི་ཆེས་དགའ་བའི་གླུ་བ་བློ་བཟང་ལགས་དེ་རིང་འདས་གྲོངས་སུ་ཕྱིན་འདུག མྱ་ངན་ཞུ། ཁྱེད་ཀྱི་སྐད་ངག སྙན་མོ་དེ་གངས་ལྗོངས་ལ་ཕུལ་བ་བཀའ་དྲིན་ཆེ། ཁྱེད་དཀོན་མཆོག་གིས་སྐྱབས་མགོན་མཛད་པར་སྨོན། ཞེས་བྲིས་འདུག
བོད་མི་ཞིག་གིས་ལ་རྒྱ་ཅན་གྱི་གླུ་བ་ཁོང་ལྟ་བུ་ཞིག་འཇིག་རྟེན་འདི་ནས་བྲལ་སོང་བ་དེ་ཧ་ཅང་གི་གྱོང་གུད་ཆེན་པོ་རེད། ཁོང་གི་གླུ་དབྱངས་ཉན་བཞིན་སེམས་པ་ཧ་ཅང་སྐྱོ་བཞིན་མིག་ཆུ་དབང་མེད་དུ་ཤོར་སོང་། ཅེས་དང་། གཞན་ཡང་། བོད་མི་ཞིག་གིས་བོད་ཀྱི་གླུ་བ་བློ་བཟང་ལགས་མི་ཚེ་གང་བོར་ཕ་སྐད་གཙང་མ་ངག་ལ་བཀུག་ནས་ཚེ་ཡི་འཕེན་པ་རྫོགས་སོང་། ཤི་ཡང་ངོ་གནོང་མི་དགོས། བོད་མིའི་སེམས་ཁོང་ནས་གཏན་ནས་བརྗེད་མི་སྲིད། ཅེས་བྲིས་འདུག