ཕྱི་ལོ་༢༠༢༥ ཟླ་༢ ཚེས་༡༤ ཉིན་སྤེལ། བོད་མདོ་སྨད་སྐུ་འབུམ་བྱམས་པ་གླིང་དུ་མེ་ཏོག་མཆོད་པར་མཇལ་ཁ་གཏོང་སྐབས། རྒྱ་གཞུང་གི་དམག་ཆས་སྤྲད་པའི་དམག་མི་འབོར་ཆེན་བགོ་འགྲེམས་བྱས་ནས་མི་མང་ལ་མེ་ཏོག་མཆོད་པ་མཇལ་བར་དམ་དྲག་ནན་པོ་བྱས་ནས་བོད་མིའི་ཆོས་དད་རང་དབང་ལ་རྡོག་རོལ་བཏང་དང་གཏོང་བཞིན་འདུག
དེ་ཡང་། འདི་ལོའི་ཕྱི་ཟླ་གཉིས་པའི་ཚེས་༡༢་དང་ཧོར་ཟླ་དང་པོའི་ཚེས་བཅོ་ལྔ་ཉིན། བོད་མདོ་སྨད་མཚོ་སྔོན་ཟི་ལིང་སྐུ་འབུམ་རྫོང་སྐུ་འབུམ་བྱམས་པ་གླིང་དུ། དགོན་པའི་གྲྭ་བཙུན་རྣམས་ཀྱིས་འབྲི་མར་སེར་པོ་ལས་བཟོས་པའི་སྐྱེས་རབས་དང་རྣམ་ཐར། རྟོགས་བརྗོད་སོགས་ཀྱི་སྐུ་བརྙན་བཞེངས་པའི་མེ་ཏོག་མཆོད་པ་མི་མང་ལ་མཇལ་ཁ་གཏོང་བའི་དུས་ཆེན་ཞིག་ཡིན་ཞིང་། མི་མང་མང་པོ་མཇལ་ཁ་ཡོང་སྐབས། རྒྱ་གཞུང་གིས་དམག་མི་འབོར་ཆེན་བཏང་ནས་མི་མང་དངོས་སུ་མེ་ཏོག་མཆོད་པར་མཇལ་མ་བཅུག་པ་ཡང་ན་ཐག་རིང་ནས་མཇལ་བཅུག་ཡོད་འདུག བོད་མིའི་ཆོས་དད་རང་དབང་ལ་བཀག་སྡོམ་ནན་པོ་བྱེད་བཞིན་ཡོད་འདུག
མེ་ཏོག་མཆོད་པ་ཇི་ལྟར་བྱུང་ཚུལ་གྱི་ལོ་རྒྱུས་ནི། རྗེ་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པའི་དཔལ་དགུང་ལོ་ང་གསུམ་བཞེས་པ་རབ་བྱུང་བདུན་པའི་ས་གླང༼ ཕྱི་ལོ༡༤༠༩ ༽ལོར་ལྷ་དང་བླ་མའི་ལུང་བསྟན་བཞིན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་གསར་འཛུགས་གནང་བ་དང་། དེའི་སྐབས་ཀྱི་མཚན་མོ་ཞིག་ལ་ཁོང་གི་མནལ་ལམ་དུ་ས་གཞིའི་སྟེང་གི་རྩྭ་དང་རྩི་ཤིང་ཐམས་ཅད་སྒྲོན་མེ་དང་། ཚེར་མ་དང་རྡོ་ཟེགས་ཐམས་ཅད་མེ་ཏོག་ཏུ་གྱུར་བའི་རྨི་ལམ་ངོ་མཚར་བ་ཞིག་རྨིས། ཕྱི་ཉིན། ཁོང་གིས་མནལ་ལམ་དུ་བྱུང་བ་ཇི་བཞིན་འཁོར་རྣམས་ལ་གསོལ་མར་གྱིས་མེ་ཏོག་བཟོ་བར་བསྐུལ་ནས་། བོད་ཟླ་དང་པོའི་ཚེས་བཅོ་ལྔའི་མཚན་མོར། ལྷ་ལྡན་གཙུག་ལག་ཁང་གི་མདུན་དུ་ཇོ་བོ་ཤཱཀྱ་མུ་ནེ་གཙོ་བྱས་པའི་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་འབྲི་མར་གྱིས་བཟོས་པའི་མེ་ཏོག་གི་མཆོད་པ་ཕུལ་ནས། སངས་རྒྱས་ཀྱི་བསྟན་པ་ཡུན་རིང་རྒྱས་པའི་སྨོན་ལམ་རྒྱ་ཆེར་བཏབ། དེ་ནས་བཟུང་སྟེ་རི་བོ་དགེ་ལྡན་པའི་དགོན་པ་ཁག་ལ་མེ་ཏོག་མཆོད་པ་འབུལ་བའི་སྲོལ་དར་བ་རེད།
སྐུ་འབུམ་བྱམས་པ་གླིང་ལ་རབ་བྱུང་བཅུ་བའི་ཤིང་རྟ༼ ཕྱི་ལོ༡༨༠༩༽ལོར་ཟི་ན་བླ་མ་དཔལ་འབྱོར་རྒྱལ་མཚན་དང་དཔལ་འབྱོར་རིན་ཆེན་ཁུ་དབོན་གཉིས་ཀྱིས་མགོན་ཁང་ཆེན་མོ་གསར་བཞེངས་བྱས་ནས་རབ་གནས་གནང་རྗེས། བོད་ཟླ་དང་པོའི་ཚེས་བཅོ་ལྔའི་མཚན་མོར་མེ་ཏོག་མཆོད་པ་འབུལ་བའི་སྲོལ་བཙུགས། ལོ་དེ་ནས་བཟུང་སྟེ་སྐུ་འབུམ་བྱམས་པ་གླིང་གི་དགེ་འདུན་པ་ཚོས་གནམ་ལོ་མ་གསར་གོང་གི་ཧོར་ཟླ་བཅུ་བའི་ཚེས་ཉེར་ལྔའི་ཉིན་ནས་མགོ་བརྩམས་ཏེ། ཕྱི་ལོའི་ཟླ་དང་པོའི་ཚེས་བཅོ་ལྔའི་ཉིན་བར་མཐོ་ཚད་ཐོག་བརྩེགས་གསུམ་ལྷག་ཙམ་ཡོད་པ། མི་རིགས་ཀྱི་ཁྱད་ཆོས་དང་སྒྱུ་རྩལ་གྱི་ཉམས་འགྱུར་ཆེས་འབུར་དུ་ཐོན་པ་ཞིག་དཀའ་ཁག་རབ་དང་རིམ་པ་བརྒྱུད་ནས་མར་གྱིས་མེ་ཏོག་མཆོད་པ་བཞེངས་ཏེ། ཉིན་དེའི་དགོང་མོར་ཧ་ཅང་གཟབ་རྒྱས་ཆེན་པོའི་སྒོ་ནས་མེ་ཏོག་མཆོད་པ་བཤམས་བཞིན་ཡོད་འདུག
སྤྱིར་མེ་ཏོག་མཆོད་པ་ནི་བོད་མི་རིགས་ལྷག་པར་དུ་དགེ་ལུགས་པའི་དགོན་པའི་ཁག་ཏུ་བཞེང་ཀྱི་ཡོད་ཅིང་། མི་མང་རྣམས་ཆོས་མཇལ་བའི་གོ་སྐབས་ཤིག་ཡིན་འདུག འོན་ཀྱང་། རྒྱ་གཞུང་གིས་བོད་མི་རྣམས་འདུ་འཛོམས་རྒྱ་ཆེན་པོ་བྱས་ནས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་དོགས་པ་སྐྱེས་ནས་བོད་མི་རྣམས་ལ་དམ་བསྒྲགས་ཤུགས་ཆེན་བྱས་དང་བྱེད་བཞིན་ཡོད་འདུག ལོ་རྟག་དགའ་ལྡན་ལྔ་མཆོད་སྐབས་སུ་ཡང་རྒྱ་གཞུང་ཉེན་རྟོག་པས་མི་མང་རྣམས་ལ་ཆོས་མཇལ་དམ་དྲག་ཤུགས་ཆེན་བྱས་དང་བྱེད་བཞིན་པ་རེད།