ཕྱི་ལོ་༢༠༢༤ ཟླ་༡༢ ཚེས་༡༨ ཉིན་སྤེལ། བོད་མདོ་ཁམས་ཚ་བ་དཔའ་ཤོད་ནས་ཡིན་པའི་སྐྱེས་པ་དགྲ་འདུལ་ལགས་ཀྱིས་༸གོང་ས་མཆོག་གི་བཀའ་སློབ་དང་བརྙན་ཐུང་། གསུང་རྩོམ་དུམ་བུ་ཅན་སྙིང་བསྡུས་རྣམས་སྐད་འཕྲིན་བརྒྱུད་ནས་ལན་མང་སྤེལ་བར་བརྟེན། རྒྱ་གཞུང་ཉེན་རྟོག་པས་ཁོང་བཟུང་བཙན་ཁྲིད་བྱས་ནས་ཟླ་བ་ལྔ་ལྷག་གཅར་རྡུང་ཚད་མེད་བཏང་ནས་གློད་གྲོལ་བཏང་ཡོད་ཀྱང་འདས་གྲོངས་སུ་ཕྱིན་འདུག
འབྲེལ་ཡོད་ཞིག་གིས་འདི་ག་གསར་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་དོན་ལྟར་ན། ཕྱི་ལོ་༢༠༢༡་ལོར་བོད་ཁམས་དཔའ་ཤོད་ནས་ཡིན་པའི་སྐྱེས་པ་དགྲ་འདུལ་ལགས་ཀྱིས་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་དང་བརྙན་ཐུང་། དེ་བཞིན་གསུང་རྩོམ་དུམ་བུ་ཅན་སྙིང་བསྡུས་ཁག་སྐད་འཕྲིན་ཐོག་ལེན་མང་སྤེལ་བར་བརྟེན། རྒྱ་གཞུང་གི་ཉེན་རྟོག་པས་ཤེས་རྟོག་བྱུང་ནས་ཕྱི་ལོ་༢༠༢༡ ཟླ ༣ ཚེས་༥ ཉིན་གྱི་མཚན་མོར་ཁོང་གི་སྡོད་གནས་ལྷ་ས་ནས་གློ་བུར་དུ་འཛིན་བཟུང་བཙན་ཁྲིད་བྱས་འདུག
དེའི་རྗེས། ལྷ་སའི་ཉེན་རྟོག་པས་ཁོང་གི་སྡོད་ཁང་ལ་སྔོག་བཤེར་བརྒྱབ་འདུག་པ་དང་སྐབས་དེར་༸གོང་ས་རྒྱལ་བ་རིན་པོ་ཆེའི་སྐུ་པར་དང་བཀའ་སློབ་ཀྱི་འོད་སྡེར་འགའ་ཤས་ཉེན་རྟོག་པའི་ལག་ཏུ་ཤོར་ཡོད་འདུག དེར་བརྟེན། རྒྱ་གཞུང་ཉེན་རྟོག་པས་ཁོང་ལ་༸རྒྱལ་བ་རིན་པོ་ཆེའི་སྐུ་པར་དང་འོད་སྡེར་གང་ནས་རག་པ་དང་སུས་སྤྲད་པ་སོགས་ཀྱིས་འདྲི་རྩད་ནན་པོ་བྱས་ཀྱང་། ཁོང་གིས་ལེན་གང་ཡང་མ་བཏབ་པས་ཁོང་ལ་མནར་གཅོད་དང་གཅར་རྡུང་ཚད་མེད་བཏང་ནས་ཟླ་བ་ལྔ་ལྷག་བཙོན་འཇུག་བཀག་ཉར་བྱས་ཡོད་འདུག
དགྲ་འདུལ་ལགས་ལ་ཉེན་རྟོག་པས་སྡུག་སྦྱོང་མནར་གཅོད་ཡུན་རིང་བཏང་བར་བརྟེན། ཁོང་གི་གཟུགས་པོར་ནད་གཞི་ལྕི་མོ་ཞིག་ན་ནས་ཁོང་གློད་གྲོལ་མི་གཏོང་ཀ་མེད་གྱུར་ནས་གློད་གྲོལ་བཏང་འདུག བཙོན་གྲོལ་ཐོབ་རྗེས་ཁོང་གི་ནང་མི་དང་སྤུན་མཆེད་རྣམས་ཀྱིས་སྨན་ཁང་གང་སར་སྨན་བཅོས་བྱེད་ཆེད་དུ་ཁྲིད་ནས་སྨན་བཅོས་དང་བསྟེན་གཏུགས་བྱས་ཀྱང་ཕན་ཐོགས་མ་བྱུང་ནས། མཐར་ཕྱི་ལོ་༢༠༢༡་ཟླ་༡༡ པའི་ནང་དུ་སྐུ་ཚེ་མི་ཟིན་པའི་ཡིད་སྐྱོ་བའི་གནས་ཚུལ་བྱུང་འདུག
དགྲ་འདུལ་ལགས་ནི་བོད་མདོ་ཁམས་ཚ་བ་དཔའ་ཤོད་ནས་སྐྱེས་པ་དང་ཁོང་འདས་སྐབས་དགུང་ལོ་༥༧་ཡས་མས་ཞིག་ཡིན་འདུག ཁོང་རྒྱུན་དུ་བོད་ཀྱི་རྒྱལ་ས་ལྷ་སར་ཚོང་བརྒྱབ་ནས་སྡོད་ཀྱི་ཡོད་འདུག
རྒྱ་གཞུང་གིས་བོད་མི་ཚོས་ཆོས་དད་བྱེད་པ་དང་དམིགས་བསལ་༸གོང་ས་༸རྒྱལ་བ་རིན་པོ་ཆེ་མཆོག་ལ་དད་གུས་བྱེད་པར་བཀག་སྡོམ་བྱས་དང་བྱེད་བཞིན་ཡོད། དེ་བཞིན་༸རྒྱལ་བ་རིན་པོ་ཆེའི་སྐུ་པར་དང་ཕྱག་དེབ། བཀའ་སློབ་ཉར་མཁན་ཚོར་འཛིན་བཟུང་བཙན་ཁྲིད་དང་ལོ་མང་རིང་བཙོན་འཇུག་དང་མནར་གཅོད་ཚབ་ཆེན་བཏང་དང་གཏོང་བཞིན་ཡོད། དགྲ་འདུལ་ལགས་ནི་རྒྱ་གཞུང་གིས་སྡུག་སྦྱོང་མནར་གཅོད་བཏང་ནས་དཀྲོགས་པའི་དཔེ་མཚོན་ཞིག་རེད།
གཞན་ཡང་། བོད་མདོ་སྨད་རེབ་གོང་ནས་ཡིན་པའི་དགེ་འདུན་པ་བྱམས་པ་ཆོས་འཕེལ་ལགས་ཀྱིས་ཕྱི་ལོ་༢༠༢༤་ཡི་གསུམ་བཅུ་དུས་དྲན་ཉིན་ལ་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ཚན་པ་ཤིག་སྐད་འཕྲིན་ཐོག་བརྒྱུད་འགོད་གནང་བར་བརྟེན། རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བྱས་པ་མ་ཟད། ཁོང་ལ་ལོ་གཅིག་དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད།
ཕྱི་ལོ་༢༠༢༣ ཟླ་༩་པའི་ནང་དུ། བོད་ཁམས་ཉག་ཆུ་རྫོང་ནས་ཡིན་པའི་དགེ་འདུན་པ་བསྟན་འཛིན་མཁྱེན་རབ་ལགས་སེར་ཤུལ་རྫོང་དུ་ཡོད་པའི་སེར་ཤུལ་དགོན་པ་དུ་སློབ་གཉེར་བྱེད་བཞིན་པའི་སྐབས། ཁོང་གིས་༸གོང་ས་མཆོག་གི་སྐུ་པར་དང་འཕྲུལ་དེབ་ཁ་ཤས་ཁ་པར་ནང་དུ་ཉར་ཡོད་པའི་ཉེས་མིང་འོག་སེར་ཤུལ་རྫོང་གི་ཉེན་རྟོག་པས་འཛིན་བཟུང་བྱས་རྗེས། ད་ལྟར་བར་་ཁོང་གར་སོང་ཆ་མེད་དུ་གྱུར་ཡོད། ཁོང་གི་ཨ་མ་ཁོང་གི་སྐོར་ལ་སེམས་ཁྲལ་བྱས་ནས་མཐར་འདས་གྲོངས་སུ་ཕྱིན་ཡོད་འདུག
ཕྱི་ལོ་༢༠༢༡ ལོའི་ལོ་མཇུག་ཏུ། བོད་མདོ་སྨད་རྔ་བ་རྨེའུ་རུ་མ་ནས་ཡིན་པའི་དགེ་འདུན་པ་འཕྲིན་ལས་ལགས་ལ་རྒྱ་གཞུང་གིས་༧གོང་ས་མཆོག་གི་བཀའ་སློབ་དང་། གསུང་རྩོམ་ཕྱག་དེབ་སོགས་འགྲེམས་སྤེལ་བྱས་པའི་ཉེས་མིང་འོག་ལོ་ལྔའི་ཁྲིམས་ཐག་བཅད་ཡོད།