ཕྱི་ལོ་༢༠༢༤ ཟླ་༥ ཚེས་༢༠ ཉིན་སྤེལ། ཉེ་ཆར་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གིས་ཚྭ་དང་འབྲེལ་བའི་སྙན་ཐོ་ཞིག་བཏོན་ནས་འཛམ་གླིང་མི་མང་ལ་ཉེན་བརྡ་ཤིག་བཏང་ཡོད་འདུག དེ་ནི་འཛམ་གླིང་ནང་དུ་མི་རྣམས་ཀྱིས་ཚྭ་ཟ་རྒྱུ་མང་དྲག་ནས་སྙིང་ནད་དང་མཁལ་ནད། གཟའ་གྲུབ་བཅས་ཕོག་ནས་ལོ་རེར་མི་ས་ཡ་གཅིག་ཙམ་འདས་གྲོངས་སུ་འགྲོ་བཞིན་ཡོད་འདུག
དེ་ཡང་། འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གིས་ཉེ་ཆར་ཟས་རིགས་༧༠་ནང་ནས་ཚྭ་ནང་དུ་ཡོད་པའི་བུལ་རྫས(Sodium)་ཚད་གཞི་ག་ཚོད་ཡོད་མེད་དང་དེས་གཟུགས་པོ་ལ་ག་ཚོད་གནོད་ཀྱི་ཡོད་མེད་ཐོག་བརྟག་དཔྱད་བྱས་ནས་སྙན་ཐོ་ཤིག་བཏོན་འདུག སྙན་ཐོའི་དེའི་ནང་དུ་ཚྭ་ནི་མི་རྣམས་ཀྱིས་རྒྱུན་དུ་ཟས་རིགས་འདྲ་མིན་ནང་དུ་བེད་སྤྱོད་གཏོང་གི་ཡོད་ཀྱང་། དེའི་གནོད་པ་ཤེས་ཀྱི་མེད་པ་དང་ཚྭ་ནི་མིའི་སྲོག་ལ་ཉེན་ཁ་བཟོ་མཁན་གྱི་རྫས་ཤིག་ཡིན་པའི་ཚོར་གྱི་མེད། ཅེས་འགྲེལ་བརྗོད་བྱས་འདུག
སྙན་ཐོའི་ནང་དུ། ཚྭ་ཟ་རྒྱུ་མང་དྲག་ན་སྙིང་ནད་དང་མཁལ་ནད། གཟའ་གྲུབ་ཕོག་གི་ཡོད་འདུག ཚྭ་ནི་མིའི་ཚེ་སྲོག་ལ་གནོད་མཁན་གྱི་རྫས་རིགས་ཤིག་ཡིན་པ་མ་ཟད། ཚྭ་ཟ་རྒྱུ་མང་དྲག་པའི་རྐྱེན་གྱིས་ལོ་རེར་མི་ས་ཡ་གཅིག་ཙམ་འདས་གྲོངས་སུ་འགྲོ་བཞིན་ཡོད་འདུག དམིགས་བསལ་དེང་ཟས་རིགས་མང་པོ་ཞིག་སྔོན་ནས་བཟོ་བཞག་པ་ཡིན་པ་དང་མི་རྣམས་དེ་དག་དགའ་པོ་བྱེད་ཀྱི་ཡོད། འོན་ཀྱང་། ཟས་རིགས་དེ་ཚོའི་ནང་དུ་ཚྭ་མང་པོ་ཡོད་པ་དང་གཟུགས་པོར་གནོད་པའི་རྫས་མང་པོ་ཡོད་སྐོར་བརྗོད་བྱས་འདུག
འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གིས་བརྗོད་དོན། ང་ཚོའི་ཟས་རིགས་ནང་དུ་ཚྭ་མང་དྲག་ཡོད། དེ་དག་འགོག་ཐབས་ཡག་ཤོས་ནི་རྒྱལ་ཁབ་རྣམས་ཀྱིས་སྲིད་བྱུས་བཟོས་ནས་ཟས་རིགས་ནང་དུ་ཚྭ་ཉུང་དུ་གཏོང་རྒྱུ་དེ་ཡིན། དེ་ནི་ཐབས་ལམ་ནུས་པ་ཆེ་ཤོས་དང་ཤུགས་ཆེ་ཤོས་རེད་། ཅེས་བརྗོད་འདུག
སྤྱི་ཚྭ་ཟ་རྒྱུ་མང་དྲག་ན་ན་ཚ་མང་པོ་ཞིག་ཡོང་གི་ཡོད་འདུག དེ་དག་ནི། ཁྲག་གཤེད་འཕེལ་བའི་ན་ཚ། རུས་པར་གནོད་པ། མགོ་ནད། ཕོ་བའི་སྐྲན་ནད། སྙིང་ནད་དང་མཁལ་ནད་། གཟའ་གྲུབ། མཁལ་མར་རྡོ་སྐྱེས་པ་སོགས་ཀྱི་ན་ཚ་ཡོང་གི་ཡོད་འདུག དེར་བརྟེན། ནམ་རྒྱུན་ཚྭ་མང་པོ་ཟ་མཁན་གྱི་མི་རྣམས་ཀྱིས་ཚྭ་ཉུང་དུ་གཏོང་དགོས་པ་གལ་ཆེན་པོ་ཡིན་འདུག