ཨོ་གླིང་སེ་ཌི་ནེ་གྲོང་ཁྱེར་དུ་རྒྱ་དམར་གཞུང་ཚབ་ལས་ཁུངས་མདུན་ལ་ངོ་རྒོལ།
ཨོ་གློང་རྒྱལ་ཁབ་ཀྱི་སེི་ཌི་ནེ་གྲོང་ཁྱེར་དུ་གནས་བཞུགས་བོད་མི་རྣམས་ནས་འདི་ག་བཙན་རྒྱལ་རྒྱ་དམར་སྲིད་དབང་གཅིག་བསྡུས་གཞུང་ཚབ་ལས་ཁུངས་མདུན་ངོ་རྒོལ་གནང་སོང༌།
བོད་རྒྱལ་ཁབ་ཆེན་པོའི་རྒྱལ་ཡོངས་རང་དབང་སྒེར་ལངས་ཐེངས་༦༦ པའི་དུས་དྲན་བསྲུང་བརྩི་ཞུ་བ་དང་བསྟུན། བཙན་རྒྱ་དམར་གཞུང་གིས་བོད་རྒྱལ་ཁབ་ཏུ་ཁྲིམས་འགལ་གྱིས་བཙན་འཛུལ་དང་མི་ལོ་༧༠ ཉེ་བར་མི་བསད་འཕྲོག་བཅོམས། མི་སེར་སྤེལ་ཡུལ་ཅན་དུ་བསྒྱུར་བ། ལག་དམར་དམར་དཔོན་མའོ་ནས་མགོ་བརྩམས་ཏེ་སྲིད་དབང་གཅིག་བསྡུས་གཞུང་གི་སྲིད་འཛིན་ཞི་ཅིན་ཕིང་བར་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད། བཅོས་བསྒྲིགས། བསྐྱར་བསྒྲིགས་དང་ཡང་བསྒྲིགས་ཀྱིས་ལོ་རྒྱུ་རྫུན་བཟོ་བྱེད་དེ་བོད་རྒྱལ་ཁབ་དེ་ལོ་རྒྱུས་ཐོག་ནས་རྒྱ་དམར་རྒྱལ་ཁབ་ཀྱི་ཆ་ཤས་ཤིག་ཏུ་བཟོ་ཐབས་གཡོ་འཁྲབ་བྱེད་པ། རྒྱལ་སྤྱིའི་ཐོག་གཞི་རྒྱ་ཆེ་བའི་དྲིལ་བསྒྲགས་རྫུན་མའི་ལས་འགུལ་སྤེལ་དེ་འཛམ་གླིང་མི་མང་ལ་བོད་ཀྱི་རྒྱལ་རབས་དང་ལོ་རྒྱུས་སྐོར་མགོ་སྐོར་གཏོང་ཐབས་བྱེད་པ། ཆབ་སྲིད་དྲག་ཙུབ་ཅན་གྱི་སྲིད་ཇུས་འཛིན་པ། བོད་ཡིག་རྩ་མེད་ཀྱི་ཐབས་ཇུས་ངན་པ་བཅངས་ཏེ་བོད་ཡུལ་རྒྱ་ཡུལ་ཅན་དུ་བསྒྱུར་ཐབས་བྱེད་པ། བོད་ཀྱི་ཆོས་རིག་སློབ་གཉེར་ཁག་དང་བོད་ཡིག་སློབ་གཉེར་ཁག་མང་པོ་སྒོ་གཏན་ཏུ་རྒྱག་པ། ཡང་མང་པོ་ཞིག་ཏུ་རྒྱ་ཡིག་བཙན་དབང་གིས་སློབ་ཏུ་བཅུག་པ། བོད་ཀྱི་དཔལ་འབྱོར་རྒྱ་བདག་བྱེད་པ། བོད་ཀྱི་གཏེར་ཁ་ཚད་མེད་རྔོག་འདོན་གྱིས་རྐུ་ཁྱེར་འབོར་འདྲེན་བྱེད་པ། གང་བྱུང་གིས་བོད་ཀྱི་གཙང་ཆུ་ཁག་ལ་གློག་ཁང་ཚད་ལ་བརྒལ་བ་བརྒྱབ་པ། ཤིང་ནགས་བཏུབ་དྲེག་གིས་ཤིང་ཆ་ཚད་མེད་འབོར་འདྲེན་བྱེད་པ། ཁོར་ཡུག་གཏོར་བཤིག་ཚབ་ཆེན་གཏོང་བ་བོད་མི་ལོ་༦༦ ལྷག་གི་རིང་གྱོང་གུད་ཚབས་ཆེན་ཕོག་ཡོད། ད་དུང་ངོ་ཚ་ཁྲལ་མེད་ངང་འཛམ་གླིང་ཐོག་བོད་གནམ་ས་བླ་འོག་ལྟ་བུའི་ཡར་རྒྱས་དང་འཕོར་འགྱུར་ཟེར་བ་དང་བོད་ནང་དུ་བོད་མི་རྣམས་བཙན་རྒྱལ་རྒྱ་དམར་སྲིད་དབང་གཅིག་བསྡུས་གཞུང་གི་འོག་ཏུ་བདེ་སྐྱིད་དང་ལྡན་ཞིང་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་ཁམས་སུ་རོལ་བཞིན་ཡོད་ཚུལ་སྐད་བསང་མཐོན་པོར་བསྒྲགས་དང་སྒྲོག་བཞིན་ཡོད། ཡིན་ནའང་ཡར་རྒྱས་སྟོང་པ་དེ་ཚོ་དང་ད་བར་རྒྱ་དམར་གཞུང་གིས་བོད་ནས་འཁྱེར་སོང་ཅ་དངོས་དང་གཏེར་ཁ། ཤིང་ཆ་སོགས་དང་བསྡུར་ན་བརྒྱ་ཆ་གཅིག་ཀྱང་ལོན་རྒྱུ་མེད་ལོང་བ་ཞིག་གིས་ཀྱི་བལྟས་ཀྱང་གསལ་མཐོང་རེད།།