ཕྱི་ལོ་༢༠༢༥ ཟླ་༡ ཚེས་༤ ཉིན་སྤེལ། བོད་མདོ་སྟོད་ཚ་བ་མཛོ་སྒང་གོ་རེ་ནས་ཡིན་པའི་བོད་མི་བློ་བཟང་སྐལ་ལྡན་ལགས་ཀྱིས་༧གོང་ས་མཆོག་གི་བཀའ་སློབ་བོད་ནང་ཁྱབ་གདལ་བྱས་པ་དང་བུ་ཕྲུག་རྒྱ་གར་བསྐྱལ་བ་སོགས་བྱས་པའི་རྐྱེན་གྱིས་རྒྱ་གཞུང་གིས་ཁོང་ལ་རྒྱལ་ཁབ་ཁ་བྲལ་རིང་ལུགས་ལ་རྒྱབ་སྐྱོར་བྱས་པའི་ཉེས་མིང་བཏགས་ནས་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག
དེ་ཡང་། བོད་མི་བློ་བཟང་སྐལ་ལྡན་ལགས་ཕྱི་ལོ་༡༩༩༧་ལོར་རྒྱ་གར་ལ་ཡོང་ནས་རང་ཉིད་ཀྱི་བུ་ཕྲུག་བཞི་བོད་པའི་སློབ་གྲྭ་ཁག་ལ་བསྐྱལ་བ་དང་༸རྒྱལ་བ་རིན་་པོ་ཆེའི་བཀའ་སློབ་ཉན་ནས་ཕྱི་བོད་དུ་ལོག་ནས་ཁོང་གི་བཀའ་སློབ་བོད་མིར་བཤད་པར་བརྟེན་ནས་རྒྱ་གཞུང་གིས་ཁོང་ཕྱི་ལོ་༡༩༩༨་ལོར་འཛིན་བཟུང་བྱས་ནས་ཁ་བྲལ་རིང་ལུགས་ལ་རྒྱབ་སྐྱོར་བྱས་པའི་ཉེས་མིང་བཏགས་ནས་ཟླ་དྲུག་རིང་བཙོན་འཇུག་ཁྲིམས་ཐག་བཅད་འདུག
འདི་ག་གསར་ཁང་ནས་ད་ལྟར་རྒྱ་གར་བྱང་ཕྱོགས་ལྡེ་ར་ལྡུན་གནས་སྡོད་བྱེད་བཞིན་པའི་ཕ་ཡུལ་བོད་མདོ་སྟོད་ཚ་བ་མཛོ་སྒང་ནས་ཡིན་པའི་མིང་ལ་བློ་བཟང་སྐལ་ལྡན་ལགས་ལ་ཁོང་རྒྱ་གཞུང་གིས་ཇི་ལྟར་འཛིན་བཟུང་བྱས་པ་དང་ཉེན་རྟོག་པས་སྡུག་སྦྱོང་མནར་གཅོད་ཇི་ལྟར་གཏོང་མིན་སོགས་ཀྱི་སྐོར་བཅར་འདྲི་ཞུས་སོང་། བློ་བཟང་སྐལ་ལྡན་ལགས་ཀྱིས་བརྗོད་དོན། ཕྱི་ལོ་༡༩༩༧་ལོའི་ཟླ་བཅུ་པ་ཙམ་ལ་བུ་ཕྲུག་བཞི་དང་བཟའ་ཟླ་བཅས་བོད་ནས་བལ་ཡུལ་བརྒྱུད་ནས་རྒྱ་གར་དུ་ཡོང་བ་ཡིན། ༸རྒྱལ་བ་རིན་པོ་ཆེ་མཇལ་བའི་སྐལ་བ་དང་གསུང་ཐོས་པའི་སྐལ་བ་ལྡན་སོང་། དེ་ནས་ལོ་དེའི་ལོ་མཇུག་ལ་རང་ཉིད་ཀྱི་བུ་ཕྲུག་བཞི་རྒྱ་གར་ལ་བཞག་ནས་ཕྱིར་ཕ་ཡུལ་དུ་ལོག་པ་ཡིན།
བོད་དུ་ལོག་ནས་ཕྱིར་ཕ་ཡུལ་དུ་འབྱོར་སྐབས། གྲོང་མི་རྣམས་ཀྱིས་ང་ཚོ་རྒྱ་གར་ལ་ཕྱིན་པ་དང་བུ་ཕྲུག་རྣམས་རྒྱ་གར་ལ་བསྐྱལ་བ་སོགས་ཀུན་ལ་ཁྱབ་ཟིན་འདུག དེ་ནས་ཕྱི་ལོ་༡༩༩༨ཟླ་༡ཚེས་༢ ཉིན་ལ་རང་གི་གྲོང་མི་བྱམས་པ་ཁ་ལུག་གི་ཁྱིམ་རུ་ཕྱིན་ནས། ཁོ་ལ་༸རྒྱལ་བ་རིན་པོ་ཆེ་མཆོག་གིས་དོར་རྒྱལ་བརྟེན་ན། རང་དང་རང་གི་ནང་མིར་གནོན་པ་དང་། ལྷག་པར་དུ་བོད་མི་རིགས་ཀྱི་བདེ་དོན་དང་༧རྒྱལ་བ་རིན་པོ་ཆེའི་སྐུ་ཚེ་ལ་གནོད་པ་སོགས་ཀྱི་བཀའ་སློབ་གནང་བ་རྣམས་ཁོ་དང་ནང་མིར་འགྲེལ་བརྗོད་བྱས་པ་ཡིན། དེ་བཞིན་གྲོང་མི་བུ་ཆུང་དང་འཕགས་རྒྱས། ཡིད་བསྟན་པ་དང་བླ་རྒན་ཐུབ་བསྟན་སོགས་ལ་དེ་ལྟར་བཤད་པ་ཡིན། གང་ཡིན་ཟེར་ན་ཁོ་རྣམས་ནི་དོར་རྒྱལ་བསྟན་མཁན་རེད།
དེ་བཞིན་རང་གི་བཟའ་ཟླ་ཕ་ཡུལ་བྱེད་མདའ་ཡུལ་གྱི་གྲོང་མི་ངག་དབང་འཇིགས་མེད་དང་ཁོ་ཅེ་བློ་དོན་གྲུབ། བསོད་ནམས་དམ་ཆེན་དང་རྡོ་ཆོས་རག རུ་དཔོན་བློ་ཆོས་འབྱོར་བཅས་དང་། བྱེད་རུང་ཡུལ་དུ་ཡོད་པའི་བློ་བཟང་མིག་དམར་དང་ཚེ་ཕི་ཆེ་བ ། ཀྲུ་རི་བློ་ཆོས་འབྱོར་དང་མགར་བ་ཚེ་འཕེལ་བཅས། རྨ་ལི་གི་ཏི་ཡུལ་གྱི་གྲོང་མི་རྡ་ས་དང་བློ་རྡོ་རྗེ། སེང་གེ་བཅས། མཛོ་སྒང་གི་དགོན་པའི་གྲྭ་བ་རྒན་པ་བསམ་བརྟན་ཐར་ཤེས་དང་གྲྭ་གོང་ཡི་ཤེས། བླ་མ་ཐུབ་བསྟན་རབ་རྒྱལ་དང་བླ་མ་བསྟན་ནམ་བཅས། མི་སྐྱ་ཨ་སྐྱང་དང་དགོན་འོག་ཆོས་རྒྱ། དཔལ་འབྱོར་དང་དི་ཉི་མ། ཚོང་དཔོན་དྲྭ་ཡི་དང་བུ་དཀར་སོགས་ལ་ ༸རྒྱལ་བ་རིན་པོ་ཆེ་མཆོག་གིས་དོར་རྒྱལ་བརྟེན་ན། རང་དང་རང་གི་ནང་མིར་གནོན་པ་དང་། ལྷག་པར་དུ་བོད་མི་རིགས་ཀྱི་བདེ་དོན་དང་༧རྒྱལ་བ་རིན་པོ་ཆེའི་སྐུ་ཚེ་ལ་གནོད་པ་སོགས་ཀྱི་བཀའ་སློབ་གནང་བ་རྣམས་འགྲེལ་བརྗོད་བྱས་པ་ཡིན། སྐབས་དེར་གོང་གི་མི་དེ་དག་གི་ང་ལ་ཐུན་མོང་གི་དྲི་བ་གཅིག་ནི་༧གོང་ས་མཆོག་གིས་རང་ལ་གང་གསུང་གི་འདུག་ཞེས་པ་དེ་རེད་འདུག
དེ་ནས་ཕྱི་ལོ་༡༩༩༨ ལོའི་ཟླ་༣་པའི་ཚེས་འགོ་དང་བོད་ཀྱི་ལོ་གསར་ཚེས་༥ ཉིན་གྱི་དགོང་མོ་ལ་རྒྱ་མི་རྒྱུག་ཁྱི་དགྲ་འདུལ་ཟེར་བ་དེས་མཛོ་སྒང་རྫོང་གི་ཉེན་རྟོག་པ་ཁྲིད་ཡོང་ནས་ང་འཛིན་བཟུང་བྱས་སོང༌། ཉེན་རྟོག་པས་དེ་མ་ཐག ཁྱེད་ཀྱི་མིང་དང་ངོ་སྤྲོད་ལག་འཁྱེར་སྟོན་ཤོག་ལབ་སོང༌། ངས་དེ་དག་བསྟན་པ་ཡིན། དེ་ནས་ཁོ་ཚོས་ཁྱེད་རང་ང་ཚོ་མཉམ་དུ་ཚ་བ་མཛོ་སྒང་ལ་འགྲོ་ཞེས་ལབ་སོང༌། དེ་ནས་ང་རང་རླུང་འཁོར་ཞིག་གི་ནང་དུ་བླུགས་ནས་མཛོ་སྒང་རྫོང་གི་བཙོན་ཁང་ཞིག་ཏུ་ཁྲིད་ནས་བཙོན་འཇུག་བྱས་བྱུང༌། སང་ཉིན་དེར་ང་ལ་ཉེན་རྟོག་པས་འདྲི་གཅོད་བྱས་བྱུང་། སྐབས་དེར་ཉེན་རྟོག་པས། “ཁྱེད་ཀྱི་མིང་ལ་ག་རེད་ཟེར་གྱི་ཡོད་མེད་དང༌། རང་ལོ་ག་ཚོད་ཡིན་མིན། རང་གི་ཕ་མ་ལས་ཀ་གང་བྱེད་ཀྱི་ཡོད་མིན། ཁྱེད་ཀྱིས་དོར་རྒྱལ་བསྟན་ཕྱོགས་ལ་བཀག་འགོག་གི་བསམ་བློ་སློབ་གསོ་སྤེལ་དོན་གང་ཡིན་མིན། སུས་ཁྱེད་ལ་དེ་ལྟར་བྱེད་ལབ་སོང་། ཁ་བྲལ་བ་ཏཱ་ལའི་བླ་མས་ཁྱེད་ལ་གང་བཤད་སོང༌། ཞེས་དྲིས་ཀྱི་འདུག”
ངས་དེ་རྣམས་སུ་གཅིག་གིས་བྱེད་ལབ་མ་སོང༌། ༸རྒྱལ་བ་རིན་པོ་ཆེ་མཆོག་གིས་གང་གསུངས་བ་དེ་དྲང་པོ་བཤད་པ་ཡིན་ཞེས་ལེན་བཏབས་པ་ཡིན། དེ་ནས་ཉེན་རྟོག་པས་ང་ལ་ཉེས་རྡུང་ཚད་མེད་བཏང་སོང་། དེ་ནས་ཡང་བསྐྱར་ང་ལ་འདྲི་རྕད་བྱས་ནས་ “ ཏཱ་ལའི་བླ་མས་ཁྱེད་ལ་ག་རེད་ལབ་སོང་” ཞེས་དྲིས་བྱུང༌། དེ་ནས་ངས་༸རྒྱལ་བ་རིན་པོ་ཆེ་མཆོག་གིས་དོར་རྒྱལ་བརྟེན་ན། རང་དང་རང་གི་ནང་མིར་གནོན་པ་དང་། ལྷག་པར་དུ་བོད་མི་རིགས་ཀྱི་བདེ་དོན་དང་༧རྒྱལ་བ་རིན་པོ་ཆེའི་སྐུ་ཚེ་ལ་གནོད་ཀྱི་རེད་ཅེས་གསུངས་ཀྱི་འདུག་ཅེས་བཤད་པ་ཡིན།
དེ་ནས་རྒྱ་གཞུང་ཉེན་རྟོག་པས་ཁོང་ཁྲོ་ཆེན་པོ་ལངས་ནས་ “ཏཱ་ལའི་བླ་མ་ནི་ང་ཚོའི་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁ་བྲལ་རིགས་ལུགས་བ་རེད། ཁོས་བཤད་པ་རྣམས་རྫུན་མ་རེད།” ཞེས་ང་ལ་ཉེས་རྡུང་དྲག་པོ་བཏང་ནས་ང་དྲན་པ་ཐོར་སོང༌། དེ་ནས་ཡང་བསྐྱར་བཙོན་འཇུག་བྱས་སོང་། མཛོ་སྒང་རྫོང་གི་བཙོན་ཁང་མུན་ནག་ཞིག་ཏུ་བཅུག་སོང་། ལག་པ་ལ་ལག་ལྕགས་དང་རྐང་པ་ལ་རྐང་ལྕགས་བརྒྱབ་སོང༌། དེ་ནས་ཉིན་ཁ་ཤས་བཅུག་པ་དང་རྗེས་ལ་ལག་ལྕགས་བརྒྱབ་པ་དང་རྐང་ལྕགས་བརྒྱབ་མ་སོང་། ང་རང་ནི་བོད་དོན་ཆེད་བཙོན་འཇུག་བྱེད་པ་དེ་གཅིག་བུ་རེད་འདུག གཟའ་ཉི་མ་མ་གཏོགས། ཡང་ཡང་འདྲི་རྩད་བྱེད་ཀྱི་འདུག་། འདྲི་རྩད་ཀྱི་ནང་དོན་གཙོ་བོ་ནི་དོར་རྒྱལ་བརྟེན་ཕྱོགས་ལ་བཀག་འགོག་གི་ལས་དོན་སྤེལ་དོན་གང་ཡིན་ཞེས་དྲིས་ཀྱི་འདུག
བདུན་ཕྲག་གཅིག་གི་རྗེས་ལ་ཕྱི་ལོ་༡༩༩༨ ཟླ་༣ ཚེས་༡༡ ཉིན་ལ་རྒྱ་གཞུང་ཉེན་རྟོག་པས་ང་ལ་ཁ་བྲལ་བའི་བསམ་བློ་སློབ་གསོ་སྤེལ་བའི་ཉེས་པ་དང་དོར་རྒྱལ་བསྟན་ཕྱོགས་ལ་བཀག་འགོག་བྱེད་པའི་ཉེས་པ། ཏཱ་ལའི་རུ་ཚོགས་ལ་རྒྱབ་ཕྱོགས་བྱེད་པའི་ཉེས་པ་དང༌། བུ་ཕྲུག་རྒྱ་གར་ལ་བསྐྱལ་བའི་ཉེས་པ་བཅས་བཙུགས་ནས་དུས་བཀག་བཙོན་འཇུག་ཟླ་བ་དྲུག་བཅད་པའི་ཁྲིམས་ཐག་བཅད་སོང་།
དེ་ནས་ཉིན་ཁ་ཤས་རྗེས་ལ་ང་ཚལ་ཞིང་སོགས་ལ་ལས་ཀ་བྱས་བཅུག་སོང་བ་དང་མཚམས་རེ་ལས་ཀ་མེད་པའི་སྐབས་ལ་བཙོན་ཁང་གི་སྒོ་ར་ནང་ཡར་འགྲོ་མར་འགྲོ་བྱེད་བཅུག་གི་འདུག མཚམས་རེ་གད་ཕྱིས་བྱེད་བཅུག་གི་འདུག ། དེ་ནས་ཕྱི་ལོ་༡༩༩༨ ཟླ་༩ ཚེས་༡༡ ཉིན་ལ་བཙོན་འཇུག་གི་དུས་ཡུན་ཚང་ནས་ཀོ་ལེ་སྒྲོལ་མ་ཁག་ཁྱག་བཞག་ནས་ཁོང་དང་ངེད་གཉིས་ཀའི་ས་རྟགས་བཀོད་དེ། རྒྱ་སྒོར་༡༠༠༠ ཉེས་ཆེད་བཏང་ནས་གློད་གྲོལ་ཐོབ་ཙམ་བྱུང་སོང༌།
ཉེན་རྟོག་པས་ངའི་ནག་ཉེས་གང་བསགས་ཡོད་མེད་དང་བཙོན་ཁང་ལ་དུས་ཡུན་ག་ཚོད་བཙུགས་ཡོད་མེད་ཀྱི་ཡིག་ཆ་ཞིག་སྤྲད་སོང༌། ཡིན་ན་ཡང་རང་གི་ཕ་ཡུལ་ཏུ་ལྷག་སོང་། གློད་གྲོལ་ཐོབ་ན་ཡང་ཆབ་སྲིད་ཀྱི་དབང་ཆ་ཕྲོགས་ནས་ལོ་གསུམ་རིང་ལ་ནང་ཁྱིམ་དུ་སྡོད་པ་མ་གཏོགས་ས་ཕྱོགས་གང་སར་འགྲོ་མི་ཆོག་པ་དང་། འགྲོ་བ་ཡིན་ན་ཡང་རྫོང་གི་ཉེན་རྟོག་པའི་ཆོག་མཆན་དང་ས་གནས་ལས་བྱེད་པའི་ཆོག་མཆན་མེད་ན་འགྲོ་ཆོག་གི་མ་རེད་ཟེར།
དེ་ནས་རང་ཁྱིམ་དུ་བདུན་ཕྲག་གཅིག་ཙམ་བསྡད་རྗེས། རང་གི་སྤུན་མཆེད་ངག་དབང་རྡོ་རྗེ་ཡིས་གསང་བ་ཐོག་ནས་རླུང་འཁོར་ཞིག་བཏང་ནས་ང་དང་བཟའ་ཟླ་གཉིས་ལྷ་སའི་བར་དུ་བསྐྱལ་སོང༌། དེ་སྔར་ང་རང་རྒྱ་གར་དུ་འགྲོ་མྱོང་ཡོད་པས་ལམ་ཁྲིད་མ་དགོས་པར། རང་ངོས་ནས་ལྷ་སར་བརྒྱུད་ནས་བལ་ཡུལ། དེ་ནས་རྒྱ་གར་ལ་ཡོང་བ་ཡིན། ཞེས་བརྗོད་སོང་།