25
མིག, གསུམ་པ།

Expired

དགེ་བཤེས་བསྟན་འཛིན་དགེ་ལྡན་དང་དགེ་རྒན་བསྟན་འཛིན་འོད་ཟེར་རྣམ་གཉིས་ཀྱིས་དྭ་ཕྲུག་ཚོར་དཔེ་དེབ་སྤྲོད་བཞིན་པའི་པར་སོགས།

སྤྱི་ཚོགས་དང་ཤེས་ཡོན།
Typography
  • Smaller Small Medium Big Bigger
  • Default Helvetica Segoe Georgia Times

ཕྱི་ལོ་༢༠༢༤ ཟླ་༡༡ ཚེས་༡ ཉིན། འདི་ག་གསར་ཁང་ནས་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དགེ་བཤེས་བསྟན་འཛིན་དགེ་ལྡན་ལགས་ལ་ཁོང་གིས་ཇམ་མུ་ཀ་ཤི་མིར་དཔལ་དར་ས་ཁུལ་དུ་དྭ་ཕྲུག་ཚོགས་པ་ཞིག་བཙུགས་ཡོད་པའི་སྐོར་ལ་བཅའ་འདྲི་ཞུས་ཡོད། ཁོང་གིས་ཡུལ་དེའི་དྭ་ཕྲུག་དང་ཁྱིམ་ཚང་དཔལ་འབྱོར་ཞེན་པའི་སློབ་མ་རྣམས་མཐོ་སློབ་ཁག་ཏུ་འགྲོ་མ་ཐུབ་པས་མི་ཚེ་འཕྲོག་བརླག་འགྲོ་བཞིན་ཡོད་པར་སེམས་ཀྱི་མ་བཟོད་པར་དྭ་ཕྲུག་ཚོགས་པ་ཞིག་བཙུགས་ནས་ཁོ་ཚོར་རོགས་རམ་བྱེད་བཞིན་ཡོད་ཅེས་བརྗོད་སོང་།

དགེ་བཤེས་བསྟན་འཛིན་དགེ་ལྡན་ལགས་ནི་བོད་ཁམས་ལི་ཐང་ཨོ་ཐོག་འབྲོག་སྡེ་ཞིག་ནས་སྐྱེས་ཞིང་། དགུང་ལོ་༡༠ ནས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་གིས་ཕྱག་བཏབས་གནང་བའི་ཁམས་ནཱ་ལེནྡྲ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སློབ་གཉེར་གནང་ཡོད་ཅིང་། ཕྱི་ལོ་༡༩༩༨ ལོར་རྒྱ་གར་བཙན་བྱོལ་དུ་ཡོང་ནས་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཆོས་སྒོར་ཞུགས་འདུག ཐོག་མར་དགོན་པའི་སློབ་གྲྭར་སློབ་སྦྱོང་གནང་རྗེས་དེ་ནས་བསླབ་པ་མཐར་སོན་གནང་འདུག དེའི་རྗེས་གཞུང་ཆེན་ཁག་ལ་སྦྱོང་བརྩོན་གནང་ནས་གྲྭ་ཚང་གིས་དགེ་བཤེས་རྡོ་རམས་པའི་མཚན་རྟགས་བསྩལ་གནང་ཡོད་འདུག དེ་ནས་འབྲས་སྤུངས་སྒོ་མང་སློབ་གྲྭའི་རྒན་བྲ་ཉེ་དགེ་བཤེས་བསྟན་འཛིན་རྒྱ་མཚོ་མཆོག་ལ་བརྟེན་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་དང་སུམ་རྟགས་དག་གསུམ། སྙན་ངག་དང་སྒྲ་རྩིས་སོགས་ལ་སྦྱོང་བརྩོན་གནང་འདུག

ཕྱི་ལོ་༢༠༡༠་ལོར་འབྲས་སྤུངས་སྒོ་མང་གྲྭ་ཚང་གིས་དགེ་བཤེས་བསྟན་འཛིན་དགེ་ལྡན་ལགས་ཇམ་མུ་ཀ་ཤི་མིར་ལ་དཔལ་དར་(Paldar) ཞེས་པའི་ཡུལ་དུ་ཡོད་པའི་ཧི་མ་ལའི་ནང་པའི་ཤེས་རིག་སློབ་གྲྭར་དགེ་རྒན་བྱེད་དུ་བཏང་གནང་འདུག སློབ་གྲྭ་དེར་དགེ་རྒན་དང་། སློབ་གྲྭའི་ཉལ་ཁང་གི་འགན་འཛིན་དང། སློབ་གྲྭའི་སློབ་སྤྱི་བཅས་མི་ལོ་༡༣་རིང་སློབ་གྲྭ་དེ་ཞབས་ཞུ་ཞུས་འདུག

དགེ་བཤེས་བསྟན་འཛིན་དགེ་ལྡན་ཐོག་མར་དཔལ་དར་ཡུལ་དུ་འབྱོར་སྐབས་དེའི་སྐད་བརྡ་མ་ཤེས་པའི་དབང་གི་དཀའ་ངལ་ཆེན་པོ་འཕྲད་ཡོད་འདུག འོན་ཀྱང་། ཁོང་རང་དགེ་རྒན་ཞིག་ཡིན་དུས་ཡུལ་དེའི་སྐད་མི་ཤེས་ན་སློབ་ཕྲུག་ཚོར་གོ་བརྡ་སྤྲོད་མི་ཐུབ་པ་དང་དེ་བཞིན་ཡུལ་མི་མཉམ་དུ་འབྲེལ་བ་བྱེད་མི་ཐུབ་ཙང། ཁོང་གིས་ཟླ་བཞིར་ཡུལ་དེའི་སྐད་བརྡ་སྦྱངས་ནས་ཡུལ་སྐད་ཡག་པོ་ཤེས་ཡོད་འདུག ཡུལ་གསར་པ་དང་སྐད་བརྡ་མི་ཤེས་པའི་དཀའ་ངལ་འཕྲད་སྐབས། འབྲས་སྤུངས་སྒོ་མང་གྲྭ་ཚང་གི་མཁན་ཟུར་རྒན་བློ་བཟང་རྒྱ་མཚོ་མཆོག་དང་ཧི་མ་ལའི་ནང་པའི་ཆོས་རིག་འཛིན་སྐྱོང་ཚོགས་པའི་ཚོགས་གཙོ་དགེ་བཤེས་ཆོས་འཕེལ་བཟོད་པ་མཆོག སྒོ་མང་སློབ་གྲྭའི་རྒན་བྲ་ཉེ་དགེ་བཤེས་བསྟན་འཛིན་རྒྱ་མཚོ་མཆོག་གི་བཀའ་སློབ་ལམ་སྟོན་འོག་ནས་དཀའ་ངལ་སེལ་ཡོད་ཅིང་། དེ་བཞིན་སློབ་ཕྲུག་ཚོ་ནི་བོད་ཡིག་སྦྱོང་པའི་འདོད་པ་ཤུགས་ཆེན་ཡོད་པ་དང་ཡུལ་མི་ཚོའང་ཆོས་སེམས་ཆེན་པོ་ཡིན་ཙང་། དེར་བསྡད་ན་ཕན་ཐོགས་ས་རེད་བསམས་ནས་མི་ལོ་༡༣་རིང་སློབ་གྲྭ་དེར་ཕྱག་ལས་གནང་ཡོད་འདུག

དགེ་བཤེས་བསྟན་འཛིན་དགེ་ལྡན་ལགས་ཀྱིས་འགྲེལ་བརྗོད་གནང་བར་ལྟར་ན། ཧི་མ་ལའི་ནང་པའི་ཤེས་རིག་སློབ་གྲྭ་ནི་ཇམ་མུ་ཀ་ཤི་མིར་མངའ་ཁོངས་དཔལ་དར་ཞེས་པའི་ཡུལ་དུ་ཡོད་པ་དང་། ཡུལ་མི་རྣམས་ལ་ནང་ཆོས་གོ་རྟོགས་ལེགས་པོ་མེད་པ་དང་བོད་ཡིག་ཐོག་ནས་འབྲི་ཀློག་མི་ཤེས་པའི་དུས་རབས་གཉན་འཕྲང་པའི་སྐབས་ཤིག་ལ་ཧི་མ་ལའི་ནང་པའི་ཆོས་རིག་འཛིན་སྐྱོང་ཚོགས་པའི་ཚོགས་གཙོ་དགེ་བཤེས་ཆོས་འཕེལ་བཟོད་པ་མཆོག་དང་པི་ཏི་བླ་མ་སྐྱབས་རྗེ་ལོ་ཆེན་རིན་པོ་ཆེ་རྣམ་པ་གཉིས་ཀྱིས་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་ས་གནས་དེའི་ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་ཡོང་ཆེད་ཕྱི་ལོ་༡༩༩༥་ལོར་ཕྱག་བཏབས་པ་ཞིག་རེད། སློབ་གྲྭ་དེ་བཙུགས་ནས་བཟུང་སློབ་མ་རྣམས་སློབ་སྦྱོང་ཡག་པོ་དང་ཤེས་ཚད་ལེགས་པོ་ཆགས་ཡོད་འདུག དེ་བཞིན་ཡུལ་མི་ཚོའང་ནང་ཆོས་ལ་དོ་དབྱིངས་དང་བོད་ཡིག་འབྲི་ཀློག་ཤེས་པ་དེ་འདྲ་ཆགས་ཐུབ་ཡོད་འདུག སློབ་གྲྭ་དེར་མཐུན་རྐྱེན་ཡག་པོ་ཡོད་པ་དང་ད་ལྟར་སློབ་ཕྲུག་༢༠༠་ལྷག་དང་དགེ་ལས་ཉི་ཤུ་ཙམ་ཡོད་འདུག སློབ་གྲྭ་དེ་ནས་ཐོན་རྗེས་རྒྱ་གར་གཞུང་གི་སློབ་གྲྭ་ཁག་ཏུ་བསྐྱོད་ཀྱི་ཡོད་པ་དང་། སློབ་གྲྭ་དེ་ནས་ཐོན་པའི་སློབ་མ་གཞུང་ཞབས་ཆགས་མཁན་མང་པོ་ཡོད་འདུག

སློབ་གྲྭ་དེ་ཆགས་ཡུལ་གྱི་ས་གནས་ནི་རྒྱ་གར་བྱང་ཕྱོགས་ཇམ་མུ་ཀ་ཤི་མིར་དཔལ་དར་རམ་གྷུ་ལབ་གྷ་གྲོང་སྡེ་ཡིན་ཞིང་། ས་གནས་དེར་མང་ཤོས་ལ་དྭགས་དང་། གར་ཞ་དང་། ཧི་མ་ཅལ་ནས་ཡོང་བའི་ནང་པ་བཅས་ཡིན་འདུག དེར་གྲོང་སྡེ་ལྔ་བརྒྱ་ལྷག་ཡོད་པ་དང། ཁོ་ཚོའི་ཆོས་ལུགས་ནི་འབྲུག་པ་བཀའ་རྒྱུད་རེད། སྐྱབས་རྗེ་སྟག་ནག་རིན་པོ་ཆེ་མཆོག་གི་སྐུ་ཕྲེང་རིམ་བྱོན་མཛད་འཕྲིན་བསྐྱངས་གནང་བ་ཞིག་རེད་འདུག ཡུལ་མི་དེ་ཚོ་ནི་ཆོས་ལ་དད་པ་ཆེན་པོ་དང་གཤིས་ཀ་བཟང་པོ་ཡོད་འདུག

ཧི་མ་ལའི་ནང་པའི་ཤེས་རིག་སློབ་གྲྭ་ནི་སྔོན་འགྲོའི་སློབ་གྲྭ་དང་འཛིན་རིམ་དང་པོ་ནས་བཅུ་པ་དབར་དུ་ཡོད་འདུག སློབ་གྲྭ་དེའི་ནང་དུ་བོད་པའི་སློབ་གྲྭ་ཁག་ཏུ་ཁྲིད་བཞིན་པའི་སློབ་ཚན་རྣམས་ཁྲིད་ཀྱི་ཡོད་ཅིང་། སློབ་གྲྭ་དེའི་ནང་དུ་ཁྱིམ་ཚང་དཔལ་འབྱོར་ཞེན་པའི་ཁྱིམ་ཚང་གི་རྒྱ་གར་གྱི་སློབ་མ་ཁ་ཤས་ཀྱང་ཡོད་འདུག སློབ་གྲྭ་དེར་རྒྱ་གར་གཞུང་གིས་མཐུན་སྦྱོར་ཉུང་ཉུང་ཞིག་གནང་གི་ཡོད་འདུག

ཁོང་གིས་བརྗོད་དོན། སྤྱིར་སློབ་གྲྭ་དེར་མཐུན་རྐྱེན་ཡག་པོ་ཡོད་རེད། འོན་ཀྱང་དྭ་ཕྲུག་ཚོ་དང་ཁྱིམ་ཚང་དཔལ་འབྱོར་ཞེན་པའི་སློབ་ཕྲུག་རྣམས་སློབ་གྲྭ་དེ་ནས་ཐོན་རྗེས་མུ་མཐུད་ནས་མཐོ་སློབ་ཏུ་འགྲོ་མི་ཐུབ་པའི་དཀའ་ངལ་འཕྲད་ཀྱི་འདུག ཁ་ཤས་ལོ་ཆུང་ཆུང་སྐབས་ནས་ཆང་ས་རྒྱག་པ་དང་། མི་གཞན་ལ་གཡོག་རྒྱུགས་དགོས་བྱུང་བ་སོགས་ཀྱི་དཀའ་ངལ་མང་པོ་འཕྲད་ནས་སློབ་སྦྱོང་གི་གོ་སྐབས་ཤོར་གྱི་འདུག དེར་བརྟེན། རང་ཉིད་ངོས་ནས་ཁོ་ཚོར་ཕན་ཞིག་ཐོགས་ན་བསམས་ནས་ཡུན་རིང་པོར་བསམ་བློ་གཏོང་བ་ཡིན། ཕྱི་ལོ་༢༠༢༢་ལོར་ང་དང་ངའི་ཕ་ཡུལ་གཅིག་པ་དང་དགེ་རྒན་ལས་རོགས་བསྟན་འཛིན་འོད་ཟེར་གཉིས་ཀྱིས་དྭ་ཕྲུག་ཚོགས་པ་ཞིག་འཛུགས་ཐུབ་ན་ཡག་པོ་འདུག་བསམས་ནས་ཡུལ་མི་ཚོར་དེའི་སྐོར་ལ་ཞུས་སྐབས་ཡུལ་མི་ཚོས་དགའ་ཚོར་ཆེན་པོ་ངང་ནས་རྒྱབ་སྐྱོར་གནང་སོང་། དེར་བརྟེན། དྭ་ཕྲུག་ཚོགས་པ་དེ་ཕྱི་ལོ་༢༠༢༢་ལོར་དངོས་སུ་བཙུགས་པ་ཡིན།

དྭ་ཕྲུག་ཚོགས་པ་བཙུགས་ཚར་རྗེས་དཔལ་འབྱོར་བསྡུ་རུབ་བྱེད་དགོས་ཀྱི་འདུག དེར་བརྟེན། ཕྱི་ལོ་༢༠༢༢་དང་ཕྱི་ལོ་༢༠༢༣་ལོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གནས་མཆོག་རྡོ་རྗེ་ལྡན་ལ་གསུང་ཆོས་གནང་སྐབས། དྭ་ཕྲུག་ཚོགས་པ་ཆེད་དུ་མི་མང་ལ་སློང་མོ་བརྒྱབ་པ་ཡིན། དེ་བཞིན་ཐེ་ཝན་ལ་བཞུགས་པའི་དགའ་ལྡན་རྡོ་ར་ཁང་ཚན་གི་དགེ་བཤེས་ལྷ་རབས་པ་བསྟན་འཛིན་བསྟན་དར་མཆོག་གིས་ཞལ་འདེབས་འབོར་ཆེན་གནང་ནས་ཕན་ཐོགས་ཆེན་པོ་བྱུང་། ད་བར་དྭ་ཕྲུག་ཚོགས་པ་དེ་བརྒྱུད་ནས་དྲྭ་ཕྲུག་དང་ཁྱིམ་ཚང་དཔལ་འབྱོར་གནས་སྟངས་ཞེན་པའི་བྱིས་པ་༣༠ ལྷག་ལ་སློབ་ཡོན་དང་དཔེ་དེབ་དཔེ་ཁུག་སོགས་ཀྱི་མཐུན་སྦྱོར་རོགས་རམ་གནང་ཡོད་འདུག ཁོང་གིས་གསུང་དོན་ལ་ཁོང་རང་རྒྱ་གར་དུ་བཞུགས་པའི་རིང་དུ་མུ་མཐུད་ནས་དྭ་ཕྲུག་ཚོགས་པ་དེ་གསོ་སྐྱོང་གནང་རྒྱུའི་དམ་བཅའ་གཙང་མ་ཡོད་ཅེས་བརྗོད་སོང་། ད་ལྟར་ཁོང་གིས་བཞུགས་སྒར་རྡ་རམ་སའི་ཉེ་ཁྲིས་སུ་ཡོད་པའི་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་དགེ་རྒན་གྱིས་ཕྱག་ལས་གནང་བཞིན་པ་རེད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།